ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

༄༅། །མང་གཞུང་གི་འཁྱམས་རུའི་སྒར་ཤུལ།

སྤེལ་དུས 2024-01-11 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། རྒྱ་ཡེ་བཀྲ་བྷོ།
       སྤྱི་ལོ༢༠༢༣ལོའི་ཟླ༨ཚེས༨ཉིན་སློབ་བུ་གཡང་ཁོ་ཚེ་རིང་དང་ཁོའི་ཕུ་བོ་ཨ་ཁུ་འཇམ་དབྱངས་ཆོས་གྲགས་བྱ་བ་ལྷ་རིས་ཀྱིས་གཙོས་བོད་རྒྱ་གཉིས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་ཆ་དུ་མ་ལ་མཁྱེན་རྒྱ་མཆོག་ཏུ་ཡངས་པ་གཉིས་ཀྱིས་ཐེངས་དུ་མར་མགྲོན་འབོད་བྱས་པས། ཁྱིམ་མི་ལྷན་རྒྱས་དང་བཅས་རྨ་ཕ་རིའི་མང་འབལ་བྱ་གསུམ་གྱི་ཡ་གྱལ་མང་གཞུང་དུ་ཕྱིན། མང་རའི་ལོ་བ་ཞོལ་མ་སྡེ་བའི་ཨ་ཁུ་འཇམ་དབྱངས་ཆོས་གྲགས་སྤུན་ཚོའི་གཞིས་ཀ་བརྒྱ་བྱིན་གྱི་ཕོ་བྲང་དང་ལྷའི་སྐྱེད་མོས་ཚལ་ལ་འགྲན་བཟོད་པ་དེ་རུ་ཉིན་གཉིས་ལ་བསྡད། སྣེ་ལེན་ཤིན་ཏུ་གཟབ། ཞིམ་པོའི་ཟས་ཟོས། ཕེབས་པའི་གཏམ་སྨྲས། མིག་རྣ་ཡིད་ཀྱི་དགའ་སྟོན་དུ་གྱུར་པའི་སྒྱུ་རྩལ་གྱི་རྣམ་གྲངས་དུ་མའི་རོ་མྱངས། གནས་དང་གནའ་ཤུལ་གྲགས་ཅན་དུ་མ་ལ་མཇལ་སྐོར་ལྟ་སྐོར་དུ་ཕྱིན།
       གང་ཅིའི་ཁ་བརྡའི་སྐབས་སུ་གཡང་ཁོ་ཚེ་རིང་གི་ཕུ་བོ་རྒན་གནམ་ལྷ་རྒྱལ་དང་རྒན་བསོད་ནམས་རྡོ་རྗེ་སོགས་ལ་འཁྱམས་རུ་དགོན་གྱི་དགོན་ཤུལ་རྙིང་པ་གར་ཡོད་རྩད་བཅད། ངེད་ཅག་གིས་འཁྱམས་རུའི་སྒར་ཆག་ཟེར། ཐོ་ནོ་ཅི་ན་ཡོད་ཟེར། ངེད་ཅག་འཁྱམས་རུའམ་སྐྱེས་ཉིན་ལུང་གི་ས་ཆ་རུ་འཁྱམས་རུའི་སྒར་ཆག་ཅེས་པའི་ས་མིང་ཞིག་ཐོས་རྒྱུ་མ་བྱུང་མོད་ས་འདིར་ད་དུང་ཡང་མང་པོ་ཞིག་གིས་ཤེས་འདུག །
       ཚེས་བཅུའི་ཉིན་གཡང་ཁོ་ཚེ་རིང་དང་ཁོའི་ཕུ་བོ་བསོད་ནམས་རྡོ་རྗེ་གཉིས་ཀྱིས་འགྲོ་རོགས་བྱས་ཏེ་འཁྱམས་རུའི་སྒར་ཆག་འཚོལ་དུ་ཕྱིན། ཅུང་ཙམ་གྱིས་ལོ་བ་སྡེ་བའི་ཤར་ལྷོའི་ཕྱོགས་སུ་ན་རན་སྡེ་བ་ཞེས་ཧོས་སྡེ་ཞིག་ཡོད་པ་དེར་སླེབས། སྡེ་མི་ཞིག་དང་འཕྲད་པར་སྐད་ཆ་དྲིས་པས། མང་ཆུའི་ཕར་འགྲམ་ན་ཐེམ་ཆ་ཞིག་འདུག་པ་བསྟན་ནས་ཀན་དགོན་པ་ཞིག་གི་ཤུལ་ཡིན་ཟེར་བ་ཐོས་མྱོང་ཟེར། ཅུང་ཙམ་ཕྱིར་ལོག་ན་ཕར་འགྲོ་སའི་ལམ་ཡོད་ཚུལ་ཀྱང་བཤད། མི་རིགས་ཧོས་ཧོས་ཡིན་ཡང་བོད་སྐད་བཤད་ན་བོད་མི་ཞིག་དང་དབྱེར་མི་ཕྱེད། ན་རན་སྡེ་བའི་རུ་ཁག་བཞི་པའི་ཨེ་ས་ལེམ་གྱི་ཕྱག་ཁང་གི་ནུབ་བྱང་གི་འཁྲིས་ནས་ཕར་མང་ཆུའི་འགྲམ་དུ་བགྲོད་སའི་ལམ་ཞིག་འདུག་པ་དེ་དེད་ནས་མེ་ཊི་ལྔ་བརྒྱ་ཙམ་སོང་བས་མང་ཆུའི་འགྲམ་དུ་སླེབས།
       དེ་ནས་ངའི་ཆུང་མ་དང་བུ་མོ་ཆེ་བ་གཉིས་ཆུ་འགྲམ་ནས་འདུག་རྒྱུ་བྱས་ཏེ། ང་དང་ངའི་ལོ་ལྔ་ཅན་གྱི་ཚ་ལུ་མ་བསོད་ནམས་དབྱངས་ཅན། གཡང་ཁོ་ཚེ་རིང་དང་ཁོའི་ཕུ་བོ་རྒན་བསོད་ནམས་རྡོ་རྗེ་བཅས་མི་བཞི་མང་ཆུ་ལ་བརྒལ་ནས་ཕར་འགྲམ་དུ་ཕྱིན་རྗེས་མདུན་ཕྱོགས་སུ་རི་དེའུ་ཞིག་ཡོད་པ་དེ་ལ་ཡར་འཛེགས། གནས་འདི་སུམ་མདོ་ཡུལ་ཚོའི་གཡོན་ཞིས་སྡེ་བའི་ས་ཁོངས་སུ་གཏོགས། རི་དེའུ་དེའི་ཕྲག་གོང་ཙམ་ནས་ཕར་ཕྱིན་པས་ཐེམ་ཐོག་ཅིག་ལ་སླེབས། ཕར་བལྟས་པས་གོམ་པ་ལྔ་བཅུ་ཙམ་གྱི་མཚམས་ན་རྡོ་གྲུ་བཞི་མ་ཞིག་འདུག་པ་མཐོང་། གམ་དུ་བཅར་ནས་ཞིབ་ཏུ་བལྟས་པས་རྡོ་རྒྱུ་འཛེང་ཡིན་པ་ལ་བཟོ་བོས་ཆེད་དུ་གྲུ་བཞི་ནར་མོ་སྣེ་མོའི་ངོས་ཀྱི་གླིང་རེ་ལ་དཀྱིལ་མཐོ་གང་དང་བཅག་མཐོ་གང་ཙམ་དང་རིང་ཐུང་ལ་ཕོ་འདོམ་ཕྱེད་ཙམ་ཡོད་པ་གསུམ་བཟོས་འདུག་པ་སྔོན་མ་སུམ་བརྩེགས་སུ་བསླངས་འདུག་པར་ངེས་མོད་ད་ལྟ་ནི་སྟེང་མ་དེ་ས་ལ་ལྷུང་འདུག །སྔོན་མ་དེའི་ངོས་ལ་ཡི་གེ་ཞིག་ཀྱང་བྲིས་ཡོད་རྒྱུ་ཡིན་མོད་ད་ལྟ་ནི་ཅི་ཡང་མི་སྣང་། རྡོ་གྲུ་བཞི་མ་གསུམ་གའི་བར་ལ་ཨར་འདམ་བླུགས་ནས་ཕན་ཚུན་སྦྱར་བའི་ཤུལ་ད་དུང་གསལ་བོར་འདུག་པས་འདི་བསླངས་པའི་དུས་ཚོད་ནི་ལོ་ངོ་ལྔ་བཅུའི་ནང་རོལ་ཞིག་ཡིན་ངེས་སྙམ། རྡོ་གྲུ་བཞི་མ་འདི་དག་གིས་ཀྱང་གནས་འདི་འཁྱམས་རུའི་སྒར་ཆག་ཡིན་པ་ར་གསལ་པོར་སྤྲད་འདུག །རྡོ་རིང་གྲུ་བཞི་མ་འདི་འདྲ་ཞིག་ཆེད་དུ་བཟོས་པ་དང་བཟོས་ནས་ཀྱང་ཆུའི་ཕ་རོལ་གྱི་ཐེམ་ཆ་འདི་ལ་དཀའ་ཚེགས་ཀྱིས་སྐྱེལ་འདྲེན་བྱས་པ་ལ་བསམས་ན་རྫོང་གི་འབྲེལ་ཡོད་ཚན་ཁག་ཅིག་གིས་འདི་གནའ་ཤུལ་གལ་ཆེན་ཞིག་ཏུ་ངོས་བཟུང་ནས་འདི་ལྟར་བགྱིས་པར་ངེས་མོད། ད་ནི་འདིའི་སྐོར་གྱི་གཏམ་ཡང་རེ་ཞིག་འདྲི་ས་མི་རྙེད། ལར་བྱུང་ནས་ཡལ་བའི་ལོ་རྒྱུས་རྣམས་ནི་གང་ཡིན་ཡང་འདི་འདྲའི་ཚུལ་ལས་མ་འདས་པར་སྣང་།
       དེ་ནས་དེའི་ཉེ་ལོགས་ཀུན་ལ་ཞིབ་ཏུ་བལྟས་ཏེ་སྔོན་གྱི་སྒར་ཤུལ་ཡིན་པའི་རྟགས་མཚན་རེ་ཨེ་རྙེད་བལྟས། ཆུ་རྐ་ཆེན་པོ་ཞིག་གཤགས་པའི་ཤུལ་གསལ་པོར་ལུས་འདུག་པ་ལས་མངོན་ཚན་ཆེ་བ་གཞན་ཅང་མ་རྙེད། དེ་ནི་ཐེམ་ཆ་དེའི་ཤར་རམ་རྒྱབ་ཀྱི་ཕྱོགས་དེ་མང་རའི་མཁའ་འགྲོ་བརྒྱ་རྩ་བརྒྱད་དང་མུ་གཅིག་ཏུ་འབྲེལ་བའི་བྱེ་རྡོའི་ངམ་ཁ་གཟར་པོ་ལ་གཏད་འདུག་པས་ཆར་བ་བབས་ཚེ་རྒྱབ་ཕྱོགས་ཀྱི་ངོས་གཟར་པོ་དེ་ནས་ཆུ་བརྒྱུགས་ན་དགོན་པའི་ལྷ་ཁང་ལ་མི་གནོད་པའི་ཕྱིར་འོབས་སུ་བརྐོས་པ་ཨེ་ཡིན་སྙམ། ཐེམ་ཆ་དེ་རྒྱ་ཆེན་པོ་མེད་ལ་ངོས་ཀྱང་ཤིན་ཏུ་བདེ་བ་ཞིག་མིན་མོད། རྒྱབ་ཀྱི་ངམ་ཁའི་སྐྱིབས་ཀྱིས་ཉི་འོད་དང་དྲོད་ཁོལ་གྱི་འཁྱིལ་ལེགས། ཤིང་གྲ་མའི་ཕང་ཕུང་མང་དུ་མཆིས་ལ། རྩྭ་ཡང་བཟང་པོར་སྐྱེས་འདུག །མདུན་ཕྱོགས་སུ་མང་ཆུ་གྱ་གྱུར་འབབ་ཅིང་། ཆུའི་ཕ་རོལ་ནི་ལྗོན་ཤིང་འཁྲིགས་པའི་མི་སྡེ་དག་གིས་གཏམས། མཐོང་ཤིན་ཏུ་ལེགས་པས་ཤར་ལྷོ་རྫོང་མཁར་དང་ཆོས་སྡེ་ཆེན་པོ་གློའུ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་ནས་ནུབ་བྱང་མང་རའི་ཤེའུ་ལུང་མདོའི་སྔར་ལ་མོ་ཞབས་དྲུང་དཀར་པོའི་ཨུརྒེ་བཟུང་ས་དང་རྒྱལ་དབང་བདུན་པའི་བཞུགས་ཁྲི་ཞོལ་མ་ཡོད་སའི་ལོ་བ་སྡེ་བའི་བར་མིག་མཐོང་གང་དུ་འུབས་ཀྱིས་འདུ། རེབ་གོང་གཉན་ཐོག་ཏུ་སྐུ་འཁྲུངས་པའི་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དབུས་ཕེབས་ཕྱིར་ལམ་འཁྱམས་རུར་བྱོན་ནས་འདིར་དགོན་པ་ཞིག་ཡོད་ན་ལེགས་ཞེས་གསུངས་ནས་ཕྱག་ནས་གནང་སྟེ་འཁྱམས་རུའི་དགོན་འདེབས་རྒྱུའི་གྲོས་འདེབས་དང་ཐོག་མའི་དགོན་གནས་འདི་རུ་གཏན་འཁེལ་བྱས། ས་བཀྲ་ས་དཔྱད་ཀྱི་ངོས་ནས་ཁྱད་དུ་འཕགས་པ་ཙམ་ནི་འདིར་སླེབས་ན་རང་གའི་སྐྱེ་བོ་ཕལ་བ་དག་གིས་ཀྱང་ཚེགས་མེད་དུ་རྟོགས་ཐུབ།
       རྒྱབ་ཕྱོགས་ཀྱི་ངམ་ཁའི་གཤམ་ནས་གྱེན་གསེག་ཏུ་ངམ་ཁའི་ཀླད་ལ་ལམ་ཞིག་འཐེན་འདུག་པ་དེ་ལ་ལོ་བའི་རྒན་བསོད་ནམས་རྡོ་རྗེ་སོགས་ཀྱིས་ཐོ་ནོ་ཅི་ཞེས་འབོད། ལམ་དེར་ཞུགས་ནས་ངམ་ཁ་ཆེན་པོ་དེའི་ཀླད་དུ་སླེབས་ན་མུ་གེ་ཐང་དུ་གྲགས་པ་གཏམ་རྒྱུད་མང་པོ་ཅན་གྱི་གསང་བའི་གནས་སྟོད་བྱེ་མའི་མཚོ་དང་སྨད་སྤང་ལྗོངས་ཉམས་དགའ་བ་ཡོད་ས་དེའི་ས་སྣེ་ལ་སླེབས་པ་ཡིན། སྔོན་བན་ཤུལ་རྒྱ་རག་གི་བསོད་ནམས་དོན་གྲུབ་ཟེར་བས་མང་རའི་བྱེ་མ་ནས་རྙེད་པའི་གསེར་ཕུད་ཅིག་ལ་མོ་ཡོངས་འཛིན་རིན་པོ་ཆེ་ལ་ཕུལ་བའི་ལོ་རྒྱུས་ཡོད་པའི་མང་རའི་བྱེ་མ་ཅེས་པ་ནི་མུ་གེ་ཐང་འདི་ལ་ཟེར།
       ཐོ་ནོ་ཅི་ཞེས་པ་ནི་ད་ལྟ་མཁའ་འགྲོ་བརྒྱ་རྩ་བརྒྱད་དུ་འབོད་པའི་ངམ་ཁ་མཐོ་ལ་རིང་བ་དེ་དང་མུ་རྒྱུན་གཅིག་ཡིན། མཁའ་འགྲོ་བརྒྱ་རྩ་བརྒྱད་ཀྱི་ངོས་ན་སྒྲུབ་ཕུག་དུ་མ་ཡོད་པ་རྒྱང་རིང་ནས་གསལ་བོར་མཐོང་ནུས། ལོ་བའི་ཡུལ་མི་རྣམས་ཀྱིས་གནས་སྒོ་མཚམས་ཁང་དུ་འབོད་པའི་སྒྲུབ་ཕུག་གལ་བོ་ཆེར་བརྩི་བ་དེའང་དེའི་གྲས་ཀྱི་གཅིག་ཡིན། དེ་རུ་ཉེ་ལམ་ཡང་མཚམས་པ་ཞིག་བཞུགས་འདུག་སྐད། སྒྲུབ་ཕུག་དེར་རྗེ་མང་ར་བ་སེང་གེ་རྒྱལ་མཚན་བཞུགས་མྱོང་ཟེར།
       ཡང་མང་ར་བ་སེང་གེ་རྒྱལ་མཚན་གྱི་སྒོམ་ཁང་དུ་འབོད་པའི་སྒྲུབ་ཕུག་གལ་བོ་ཆེ་གཞན་མ་ཞིག་ནི་ཁ་རྒྱུན་ལ་རྟ་ས་འཇག་རི་སུམ་མདོ་རྟ་ཡིས་གང་ཟེར་བའི་འཇག་རི་སུམ་མདོའི་ས་སྟེ་མང་རའི་མཁའ་འགྲོ་བརྒྱ་རྩ་བརྒྱད་དུ་གྲགས་པའི་ངམ་ཁ་དེ་ཤར་ལྷོའི་ཕྱོགས་སུ་ལྕགས་རིའི་ཚུལ་དུ་རིང་པོར་བརྐྱངས་འདུག་པ་དེའི་ཟད་སྣེའི་ངོས་སུ་མཆིས། ཨ་ལགས་འཇའ་མོ་སོགས་དང་ལྷན་དུ་འགྲོ་རྒྱུའི་སྐལ་བ་ཤར་ཅིང་། ཁོང་སྐུ་ཡོན་ཆེ་བས་གནས་བཤད་ཀྱང་ཡག་པོ་གནང་།
       མང་ར་བ་སེང་གེ་རྒྱལ་མཚན་ནི་འཇེད་སོ་རོང་བྱ་བར་སྐུ་འཁྲུངས་ཤིང་། འདུས་པའི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་པའི་རྗེ་བཙུན་འགོས་བསོད་ནམས་རྩེ་མོའི་སྙན་པ་གསན་ནས་དེའི་དྲུང་དུ་བྱོན། དབང་དང་གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་མནོས་ཏེ་འགོས་ཀྱི་སློབ་མ་རྒྱུད་ཀྱི་ཀ་བ་ཚུགས་པ་བཞིའི་ནང་ཚན་ཕ་རྒྱུད་གསང་བ་འདུས་པའི་བཀའ་བབས་ཀྱི་སྐྱེས་བུ་ཆེན་པོ་གདུལ་བྱའི་དོན་ལ་བོད་ཡུལ་སྟོད་ནས་མདོ་སྨད་དུ་བྱོན་པ་ཞིག་ཡིན་སྣང་། འདུས་པ་རྔོག་ལུགས་སུ་གྲགས་པའང་ཁོང་བ་ལས་གྱེས། ཁོང་འདིར་མ་ཕེབས་པའི་སྔོན་ནས་དེ་ན་མཚམས་པ་མང་དུ་བཞུགས་པ་ས་འདིའི་གནས་བདག་མོ་འབྲོག་པའི་ཚུལ་བཟུང་བ་དུ་མས་འོ་ཞོ་འདྲེན་པའི་ཟོལ་གྱིས་བཀྲོངས་པ་བཞིན་མང་ར་བ་སེང་གེ་རྒྱལ་མཚན་ལའང་འོ་ཞོ་འདྲེན་དུ་བྱུང་བ་ཁོང་གིས་མཁྱེན་ནས་འོ་ཞོ་མ་བཞེས་པར་ས་ལ་བོ་བས་གླགས་མ་རྙེད་ཁར་ནག་ཕྱོགས་པ་དེ་དག་དམ་ལ་བཏགས་ནས་དཀར་ཕྱོགས་པར་བསྒྱུར་པས་ད་ལྟའི་མང་རའི་མཁའ་འགྲོ་མ་བརྒྱ་རྩ་བརྒྱད་དུ་གྲགས་པ་ས་དམར་འདྲེས་པའི་བྲག་རི་མང་པོ་གཉན་ཆ་ཆེ་བས་བགྲང་མི་རུང་ཟེར་བ་དེ་བྱུང་བར་བཤད། དུས་དེ་ནས་མཚམས་པ་དག་ལ་གེགས་ཆག་འབྱུང་རྒྱུ་ཆད་ཟེར། དེ་ལྟ་བུའི་སྐྱེས་བུ་ཆེན་པོ་དེ་རང་རེ་མདོ་སྨད་མང་གཞུང་དུ་ཕྱག་ཕེབས་པའི་བྱུང་བ་ནི་སྔོན་དབུས་གཙང་མཁས་པ་མི་བཅུ་མདོ་སྨད་དུ་ཕེབས་པའི་ལོ་རྒྱུས་ལྟར་གལ་གནད་ཤིན་ཏུ་ཆེ་ཡང་ད་བར་དུ་དང་དོད་དེ་ཙམ་མ་བྱུང་བ་ཡ་ཆ།
       ལ་མོ་ཡོངས་འཛིན་རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ་དགུང་ལོ་ཉེར་བདུན་བཞེས་པ་ཤིང་ཁྱི་སྟེ་སྤྱི་ལོ༡༩༣༤ལོར་ཁོང་བའི་བླ་མ་བླ་ཁོ་རྡོ་རྗེ་འཆང་གི་བཀའ་ལྟར་དེ་ཕྱོགས་སུ་དགེ་འདུན་གྱི་འདུས་སྡེ་ཞིག་གདབ་པའི་ཕྱིར་ཕྱག་ཕེབས་སྐབས་མཁའ་འགྲོ་བརྒྱ་རྩ་བརྒྱད་དུ་གྲགས་པའི་ངམ་ཁ་དེ་ལས་མར་བབས་པ་ལོ་བའི་སྡེ་མི་དག་གིས་ཞིང་ལ་སོ་ནམ་ཀྱི་ལས་ཀ་བྱེད་པའི་སྐབས་སུ་མཐོང་ནས་གཏམ་དྲིས་པས་རྒྱུ་མཚན་ཧ་གོ་སྟེ། བསུས་ཤིང་མཐུན་པའི་རྐྱེན་གྱིས་བསྙེན་བཀུར་བྱས་པས་ལོ་བའི་སྡེ་བ་འདི་ཁོང་པ་ཕྱོགས་དེར་ཕྱག་ཕེབས་པའི་རྗེས་ཀྱི་ཡོན་བདག་གི་དང་པོར་གྱུར། དེ་ནས་ཡོངས་འཛིན་རིན་པོ་ཆེ་ཁོང་པའང་གནས་སྒོ་མཚམས་ཁང་དུ་ཟླ་བ་དུ་མར་བཞུགས་ནས་སྒྲུབ་པའི་རྒྱལ་མཚན་བསྒྲེངས། མཚམས་ཁང་གི་བྲག་ངོས་སུ་ཨེ་ཝཾ་བདེ་སྟོང་བདུད་རྩིས་རབ་མྱོས་པའི། །མཁའ་སྤྱོད་གྲུབ་པའི་དཔལ་མོ་བརྒྱ་རྩ་བརྒྱད། །རོལ་བའི་གུར་ཁང་གཟི་བྱིན་འབར་བ་འདིས། །ཨོ་ཊི་ཡ་ནའི་ཁེངས་པ་རྣམ་པར་འཕྲོག །ཅེས་ཕྱག་བྲིས་མཛད། སྒྲུབ་ཕུག་ལ་ཨེ་ཝཾ་མཁའ་སྤྱོད་གྲུབ་པའི་གུར་ཁང་ཞེས་མཚན་གསོལ་མཛད།
       དེ་བཞིན་ཐོ་ནོ་ཅི་ནའང་མཚམས་ཁང་འགའ་རེ་འདུག །ཐོ་ནོ་ཅིའི་མཚམས་ཁང་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་ཚང་ཡང་བཞུགས། མདོ་སྨད་ཆོས་འབྱུང་དུ་ཐ་ནོ་ཆི་ཞེས་བཀོད་འདུག་ཀྱང་། ལོ་བའི་ཡུལ་མི་དག་གིས་ཐོ་ནོ་ཅི་ཟེར་བས། མདོ་སྨད་ཆོས་འབྱུང་དུ་བྱུང་བ་རྩོམ་མཁན་ནམ་ཡིག་མཁན་ནམ་པར་རྐོན་གྱི་དབང་གིས་ཐ་ལ་ན་རོ་ཆད་པ་ཡིན་ཡང་སྲིད་སྙམ།
ཐར་ཤུལ་དགོན་གསར་ཕུན་ཚོགས་བཀྲ་ཤིས་ཆོས་རྫོང་ཡང་དང་པོ་ལོ་བའི་སྡེ་བ་འདིར་གཞི་བཟུང་ཟེར། དགོན་པའི་གྱང་གི་ལྕགས་རིའི་གླིང་གཉིས་ཙམ་ད་ལྟའང་སྔོན་གྱི་ལོ་བའི་དཔོན་པོའི་མི་རྒྱུད་ཕྱི་མ་ཞིག་གི་གཞིས་ཀའི་ཆ་ཤས་སུ་བྱས་ནས་མ་འཇིག་པར་ཡོད། རྗེས་སུ་གནས་དབེན་མིན་ལ་དགོངས་ནས་ད་ལྟའི་དགོན་གནས་ཏེ་ཤེའུ་ལུང་ཇ་བ་རྟ་རྨིག་མའི་བཞུགས་ཁྲི་གོང་མའི་ཉེ་ལོགས་དེར་སྤོ་དགོས་བྱུང་བ་ཡིན་ཟེར།
       འཁྱམས་རུའི་སྒར་ཆག་གི་རྗེས་ཤུལ་ལ་ངེས་ཤེས་རྙེད་པས། དགའ་བ་དུང་དུང་བ་ཞིག་གི་ཞར་ལ་མེས་པོ་སྔ་མ་རྣམས་ནི་དང་པོ་གཙང་ས་སྐྱ་ནས་མདོ་སྨད་དུ་སླེབས། དེ་ནས་མཚོ་སྔོན་པོ་དང་། དེ་ནས་རོང་བོ་བློན་ཆོས། དེ་ནས་སླར་ཡང་རྨ་ཀླུང་རིང་མོ་བརྒལ་བ་དང་འགོག་རྒོལ་མང་པོ་བརྟོལ་བ་ལ་ཇི་མི་སྙམ་པར་རང་སྲོག་འབེན་ལ་བཙུགས་ནས་མཚོ་སྔོན་པོའི་ཕྱོགས་སུ་སྐྱས་བཏེགས་ཏེ་རང་ཡུལ་སྲུང་འཛིན་གྱི་དོན་ལ་ཤིན་ཏུ་འོ་བརྒྱལ་ལོ་སྙམ་དུ་སེམས། ལ་མོ་བདེ་ཆེན་དགོན་གྱི་ཁྲི་རབས་ཉེར་བཞི་པ་འཁྱམས་རུའི་ཨ་ལགས་ཚུལ་ཁྲིམས་སྙན་གྲགས་ནས་རིམ་གྱིས་བསྐྱངས་འོངས་པའི་འཁྱམས་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་ཞེས་ཉིན་ལུང་པ་རྣམས་ཀྱི་མཆོད་པའི་ཞིང་དུ་གྱུར་པའི་འདུས་སྡེ་ད་ལྟ་དམ་པའི་མགོན་དང་འཕྲད་པས་འཁོར་ལོ་གསུམ་གྱི་བྱ་བ་ཡར་ལྡན་དུ་འགྲོ་བཞིན་པ་འདིའང་དེ་འདྲའི་དཀའ་བ་བརྒྱ་ཕྲག་སྤྱད་ནས་འོངས་པའི་ཚུལ་ལ་ཡིད་གཡོ་དགོས་པ་བྱུང་། ལྷག་པར་རུ་སྡེ་སྐྱས་བཀལ་བ་དང་ལྷན་དུ་མཆོད་གནས་དགེ་འདུན་གྱི་སྡེ་རྟེན་གསུམ་དང་བཅས་པའང་ཁང་དགོན་ནས་གུར་སྒར་དང་གུར་སྒར་ནས་ཁང་དགོན་སོགས་སུ་འཕོས་ཏེ་རུ་སྡེ་མ་འཐོར་ན་དགོན་སྡེ་མི་འཇིག་པར་ཐ་གུའི་སྐྱ་མ་ཡ་མ་བྲལ་བའི་ཚུལ་དུ་མཉམ་འགྲོ་མཉམ་འདུག་མཉམ་གནས་བྱས་པའི་བྱུང་བ་སྒྲུང་རབས་ཆེན་མོ་ལྟ་བུ་འདི་ནི་རང་རེའི་ཐུན་མོང་མ་ཡིན་པའི་རང་ལུགས་ཤིག་ཏུ་ངེས་ཤེས་རྙེད་ན་གནད་ཀྱི་དོན་ལ་གོ་བ་ཆེན་པོ་ཞིག་སྐྱེས་པ་ཨེ་ཡིན་སྙམ།
       ཕྱོགས་ཕྱོགས་སུ་མིག་བགྲད་དེ་ཡང་ཡང་བལྟས་ཤིང་རྗེས་སུ་དྲན་པའི་རྟེན་དུ་པར་མང་པོ་བླངས་རྗེས། རྒྱབ་ངོས་ཀྱི་ངམ་ཁ་ལས་བྱེ་རྡོ་རིལ་མོ་བྱ་སྒོང་ཙམ་པ་དང་དེ་ལས་ཅུང་ཆེ་བ་མང་པོ་སྒར་ཤུལ་དུ་མར་འགྲིལ་ནས་འོངས་འདུག་པ་ལས་ཁ་ཤས་ཤིག་བཏུས་ཏེ་སྔ་ལམ་དེད་ནས་སླར་ལྡོག་པའི་ལམ་དུ་ཆས། འཁྱམས་རུ་དགོན་ལ་འགྲོ་སྐབས་ཤིག་ལ་ཁོང་ཅག་ལ་ལེགས་སྐྱེས་སུ་ཕུལ་ན་སྙམ།
ཞེས་མཚོ་ཁ་པ་རྒྱ་ཡེ་བཀྲ་བྷོས་སྤྱི་ལོ༢༠༢༣ལོའི་ཟླ༨ཚེས༡༥ལ་ཤར་མར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །