ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་གུང་ཁྲན་ཏང་ཡོན་དང་ཞི་བདེ་སྲུང་སྐྱོང་དམག་མིའི་ཐོབ་ཐང་ལ་ངོ་གནོང་དགོས་མེད།

སྤེལ་དུས 2021-10-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         2020ལོའི་ཟླ་9པར། ཀྲུང་གོ་བོད་དམག་ཁུལ་ཁང་ནས་དམག་མི་ཐེངས་དང་པོ་འཐེན་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལས་འགན་སྒྲུབ་པར་བཏང་བ་དང་ང་ཚོ་མི་43ལས་ཀྲུང་གོའི་ཁག་ཉེར་བཞི་པའི་ཁོང་ཀོར(ཅིན)སྐྱོད་པའི་སྨན་བཅོས་ཡན་ལག་རུ་ཁག་ལས་འགན་འཁུར་ཡུལ་དུ་བཀོད་སྒྲིག་བྱས་བྱུང་། སྐབས་དེ་དུས་ཁོང་ཀོ(ཅིན)རུ་རིམས་ནད་མཆེད་ཅིང་། ཨེ་པོ་ལའི་ནད་དུག་དང་འདར་ནད་སོགས་འགོ་ནད་ཀྱི་གནོད་འཚེ་ཕོག་ཡོད་པ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བའི་ནད་དཔེའང་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པས་ཚང་མར་འཕྲད་པའི་དཀའ་ངལ་དང་བདེ་འཇགས་ཀྱི་ཉེན་ཁ་དེ་སྔར་བྱུང་མྱོང་མེད་པ་ཞིག་ཡོད། ང་ཚོས་ལས་འགན་འཁུར་ཡུལ་གྱི་རྒྱལ་ཁབ་མང་པོ་ཞིག་གི་ཞི་བདེ་སྲུང་སྐྱོང་མི་སྣ་4000ལྷག་ཙམ་གྱི་སྨན་བཅོས་འགན་ལེན་ལས་དོན་གྱི་འགན་འཁུར་བ་དང་ཏོག་གསར་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་། ཏོག་གསར་གློ་ཚད་ཕོག་མཁན་གྲལ་བཤེར། ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པ་སོགས་བྱེད་དགོས་སྟབས། ང་ཚོའི་འགན་འཁྲི་དང་ལས་འགན་ལྕི་པོ་ཡོད།
         ལས་འགན་འཁུར་ཡུལ་པུའུ་ཁ་ཝུའུ་ཀྲུང་གོའི་རིམ་པ་གཉིས་པའི་སྨན་ཁང་རྩིས་བླངས་པའི་ཉིན་དང་པོ་ནས་བཟུང་། ང་ཚོས་རིམ་པ་གཉིས་པའི་འགོག་སྲུང་སྨན་བཅོས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ནང་གི་རིམས་ནད་འགོག་བཅོས་ཀྱི་ཉམས་མྱོང་ཡག་པོ་སྟབས་བསྟུན་ངང་སྤྱོད་ཀྱི་ཡོད། རུ་མི་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་ནན་པོར་གཞིགས་ནས་འགོག་སྲུང་གྱོན་ཆས་འོག་དམག་ཆས་གྱོན་པ་དང་འགོག་སྲུང་གདོང་ཁེབས་གྱོན་ནས་ཉིན་ལྟར་སྨན་བཅོས་བྱས་ཏེ་གྱོན་གོས་རྔུལ་ཆུས་ཐེངས་མང་འཚོས་ཀྱི་ཡོད། གཟུགས་པོ་དང་སེམས་ཁམས་ལ་གནོན་ཤུགས་ཆེན་པོ་ཡོད་མོད། འོན་ཀྱང་མི་ཚང་མས་བརྟན་སྲུང་བྱས་ནས་རྒྱལ་ཁབ་ཁག་གི་ཞི་བདེ་སྲུང་སྐྱོང་མི་སྣའི་ཚེ་སྲོག་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་ཀྱི་ཡོད།
         ཡིན་ནའང་ཐོག་མའི་དུས་སུ་ང་ཚོའི་ལས་དོན་ལ་འགོག་རྐྱེན་འཕྲད་ཡོད། དེ་ཡང་སྐབས་དེར་ནད་པ་ཞིག་གིས“ཀྲུང་གོའི་རིམ་པ་གཉིས་པའི་སྨན་ཁང་གིས་སྨན་བཅོས་བྱེད་དུས་འགོག་སྲུང་ཚད་ལས་བརྒལ་བ་བྱེད་བཞིན་འདུག”ཅེས་བཤད་ནས་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ནང་རིམ་པ་གཉིས་པའི་འགོག་སྲུང་ཚད་གཞི་སྤྱད་ནས་ཁག་བགོས་ནད་དཔྱད་དང་སྨན་བཅོས་བྱེད་སྟངས་ལ་བསམ་ཤེས་ཐུབ་ཀྱི་མི་འདུག གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་སྨན་བཅོས་ཡན་ལག་རུ་ཁག་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ཆ་ནས། ངས་འཕྲལ་དུ་སྨན་བཅོས་ཡན་ལག་རུ་ཁག་གི་ཀྲི་པུའུ་ཨུ་ཡོན་གྱི་ཚོགས་འདུ་འཚོགས་ཏེ་ཞིབ་འཇུག་བྱས་པ་བརྒྱུད། ཕྱོགས་གཅིག་ནས་རང་འགུལ་ངང་སྨན་པ་བསྟེན་པར་ཡོང་མཁན་ནད་པ་མི་རེ་ངོ་རེར་འགྲེལ་བཤད་རྒྱག་པ་དང་བསམ་ཚུལ་བརྗེ་རེས་བྱེད་པ་དང་། གོང་རིམ་སྨན་བཅོས་སྡེ་ཚན་ལ་རང་འགུལ་ངང་རིམ་པ་གཉིས་པའི་འགོག་སྲུང་སྨན་བཅོས་ཀྱི་དགོས་ངེས་རང་བཞིན་གསལ་བཤད་བྱས་ནས་མཉམ་འབྲེལ་རྒྱལ་ཚོཌ་ཀྱི་ཁོང་ཀོ ཅིན)བརྟན་ལྷིང་ཆེད་མངགས་ཚོགས་པས་སྒྲིག་འཛུགས་བྱས་པའི་རིགས་ཁག་གི་རིག་གཞུང་གྲོས་བསྡུར་ཚོགས་འདུའི་ཐོག་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་རིམས་འགོག་ཉམས་མྱོང་ངོ་སྤྲོད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་བྱེད་ཐབས་སྤྱད་དེ་ལོགས་སུ་སྨན་བཅོས་བྱེད་ཁུལ་བཙུགས་ཏེ་ནད་པར་དེ་བས་ལེགས་པའི་ངང་སྨན་བཅོས་བྱེད་རྒྱུའི་གཏན་འཁེལ་བྱས།
         ལས་འགན་གཅིག་རྗེས་གཉིས་མཐུད་དུ་ཐོན་ཞིང་འགྲན་སློང་ཡང་གཅིག་རྗེས་གཉིས་མཐུད་ངང་འཕྲད་པ། 2020ལོའི་ཟླ་10ཚེས་26ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་ཞི་བདེ་སྲུང་སྐྱོང་ལས་འགན་འཁུར་ཡུལ་དུ་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་18མང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པས། ང་ཚོས་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་འབྲེལ་ལས་འགན་ལེགས་སྒྲུབ་བྱས་པ་ཡིན།
         ཟླ་12ཚེས་12ཉིན་སྐབས་དེ་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་དམིགས་བསལ་སྐུ་ཚབ་གཞུང་དོན་ཁང་གི་ཀྲུའུ་རེན་པུའུ་ལའེ་ཐེ་ཀྲུང་གོའི་རིམ་པ་གཉིས་པའི་སྨན་ཁང་དུ་ཡོང་ནས་ཏོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་འཛུགས་སྐྲུན་དང་སྨན་བཅོས་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་བྱས་པ་དེ་ཐོག་ནས་ཚོད་ལྟ་ཁང་དེ་རང་རྒྱལ་གྱི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་ལ་བེད་སྤྱོད་དང་དོ་དམ་བྱ་རྒྱུར་དངོས་སུ་སྤྲད་པ་མཚོན་ཡོད།
         བེད་སྤྱོད་གཏོང་འགོ་ཚུགས་པ་ནས་ད་བར་ཚོད་ལྟ་ཁང་དེས་ལས་འགན་འཁུར་ཡུལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། གོང་རིམ་གྱི་སྨན་བཅོས་གཙོ་གཉེར་བ་ཡང་ཆེད་མངགས་སྨན་བཅོས་ཡན་ལག་རུ་ཁག་ཏུ་ཡོང་ནས་ཚང་མའི་ལས་ཀར་ཁས་ལེན་བྱས་ཤིང་། “ཀྲུང་གོའི་དམག་མིའི་སྨན་པ་ཧ་ཅང་ཡག་པོ་འདུག”ཅེས་བཤད།
         གངས་ལྗོངས་ས་མཐོ་ནས་ཁོང་ཀོའི་ཆུ་ངོགས་བར་ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་ཡོན་གྱི་རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་འབད་འཐབ་སྙིང་སྟོབས་དར་སྤེལ་བཏང་སྟེ་རིམས་ནད་བྱུང་ཚུལ་དང་ས་གནས་དེ་གའི་བརྟན་ལྷིང་མེད་པའི་དུས་བབ་ལ་ཐད་ཀར་ཕྱོགས་ནས་ཀྲུང་གོས་རིམས་ནད་འགོག་བཅོས་བྱེད་པའི་ཉམས་མྱོང་ཡུལ་བབ་དང་བསྟུན་ནས་ཞི་བདེ་སྲུང་སྐྱོང་གི་འཐབ་ས་དང་པོར་ཁྱབ་གདལ་བཏང་སྟེ་བྱམས་སྙིང་རྗེ་དང་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་ནད་པའི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱས་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།