ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཧྥ་རན་སེའི་མཐུན་སྒྲིལ་དང་ཡར་ཐོན་ཏང་གི་ཀྲུའུ་ཞི་ཧྲེ་སྨི་ན་ཏེས་བརྗོད་དོན། “མིའི་རིགས་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས”

སྤེལ་དུས 2021-10-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་བསྣན་པ།
         ཕྱི་རྒྱལ་གྱི་སྲིད་ཏང་དང་སྲིད་དོན་མི་སྣ་གལ་ཆེན་བརྒྱ་ཕྲག་གིས་ཀྲུང་གོ་གུང་ཁྲན་ཏང་ལ་འཛིན་པའི་ལྟ་སྟངས།
         ཧྥ་རན་སེའི་མཐུན་སྒྲིལ་དང་ཡར་ཐོན་ཏང་གི་ཀྲུའུ་ཞི་ཧྲེ་སྨི་ན་ཏེས་བརྗོད་དོན།
         “མིའི་རིགས་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས”
འདི་ནི་ཧྥ་རན་སེའི་མཐུན་སྒྲིལ་དང་ཡར་ཐོན་ཏང་གི་ཀྲུའུ་ཞི་ཧྲེ་སྨི་ན་ཏེ་ཡིན་པ།
        “ལོ་ངོ་བརྒྱའི་ལོ་རྒྱུས་ལམ་བུ་བརྒྱུད་རྗེས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་འོད་སྟོང་འཕྲོ་བའི་གྲུབ་འབྲས་བླངས་ཡོད། ཀྲུང་གོའི་སྤྱི་ཚོགས་ལ་གསོན་ཤུགས་རྒྱས་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཀྱང་ཧ་ཅང་རིང་དུ་ཕྱིན་ཡོད”ཅེས་ཧྥ་རན་སེའི་མཐུན་སྒྲིལ་དང་ཡར་ཐོན་ཏང་གི་ཀྲུའུ་ཞི་ཧྲེ་སྨི་ན་ཏེས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བཤད། ཁོང་གིས་ད་ཆ་ཀྲུང་གོའི་མི་དམངས་བདེ་སྡོད་ལས་བརྩོན་དང་འཚོ་བ་བདེ་ཞིང་སྐྱིད་པ་བྱུང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་བཤད།
        2019ལོའི་ཟླ་དགུ་པར་ཧྲེ་སྨི་ན་ཏེ་ཀྲུང་གོར་ཐེངས་དང་པོ་ཡོང་ནས་ཤིས་ཨན་དུ་འཚོགས་པའི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པ་རེད། ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་ཚད་དང་གསོན་ཤུགས་ལས་ཁོང་ལ་བག་ཆགས་ཟབ་མོ་བྱུང་ཡོད། ཁོང་གིས“ངས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བའི་ཀྲུང་གོ་ཞིག་མཐོང་བྱུང་ལ། ཀྲུང་གོའི་དམངས་ཚོགས་ཀྱིས་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པའང་ཚོར་བྱུང་། དེང་གི་ཀྲུང་གོར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བཞིན་འདུག ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱིས་ཀྱང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་བློ་སྒོ་ཕྱེ་བ་སྟེ། རྒྱལ་ཁབ་གཅིག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་ཆོག་པ་དེ་རེད་ཅེས་བཤད།
        ཧྲེ་སྨི་ན་ཏེས་སྲིད་ཏང་གིས་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་མིའི་རིགས་ལ་ཡར་རྒྱས་དོན་གཉེར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པའི་ལྟ་བར་མོས་མཐུན་བྱེད་ཀྱི་ཡོད། ཁོང་གིས“རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་དགོས་པ་དང་། རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་འཕེལ་རྒྱས་ཡོང་ཐབས་བྱེད་དགོས། ཏོག་གསར་རིམས་ནད་འགོག་རྒོལ་བྱེད་རིང་མི་རྣམས་ལ་སའི་གོ་ལ་ནི་ཁྱིམ་གཞིས་ཤིག་ཡིན་པའི་བག་ཆགས་ཟབ་མོ་བྱུང་ཡོད། དེས་ན། རྒྱལ་ཁབ་གང་ཞིག་ཡིན་རུང་རང་མགོ་རང་ཐོན་ཡོང་ཐབས་བྲལ་བས་རིམས་ནད་རྗེས་ཀྱི་དུས་རབས་སུ་མཐུན་སྒྲིལ་མཉམ་ལས་བྱེད་རྒྱུ་ནི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ཡོད”ཅེས་བཤད།
        མི་རིང་བའི་གོང་ཧྲེ་སྨི་ན་ཏེ་ཧྥ་རན་སེའི་མོང་ཏ་ཨེར་ཅི་གྲོང་ཁྱེར་དུ་ས་གནས་དེ་གར་གཉེར་བའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་དང་འབྲེལ། ཧྥ་རན་སེར་ཀྲུང་གོའི་ལས་སློབ་གཉིས་བརྩོན་གྱི་བརྗོད་དོན་གཙོ་བོའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་རེད། ཧྲེ་སྨི་ན་ཏེས“ཐེངས་དེར་ངས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཤེས་རྟོགས་གཏིང་ཟབ་བྱུང་། ཀྲུང་གོའི་ཡར་ཐོན་གཞོན་ནུ་ཚོས་ཧྥ་རན་སེར་ལས་སློབ་གཉིས་བརྩོན་བྱས་ནས་ཧྥ་རན་སེར་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་རྩ་འཛུགས་བཙུགས་པའི་ལོ་རྒྱུས་དེ་ནི་ལོ་བརྒྱའི་གོང་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྤེལ་རེས་དང་མཉམ་འགུལ་བྱས་པའི་དཔང་པོ་གལ་ཆེན་ཞིག་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་རྒྱུ་ནོར་གལ་ཆེན་ཞིག་རེད། ལོ་མང་རིང་ཧྥ་ཀྲུང་ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་མང་པོའི་ཐད་མཉམ་ལས་གཏིང་ཟབ་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་ཕན་ཚུན་ངོས་འཛིན་ཇེ་ཟབ་དང་མཛའ་གྲོགས་ཀྱང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད”ཅེས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།