ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

པེ་ཅིང་གིས་ཁ་བསླུས་འགོག་རྒོལ་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

སྤེལ་དུས 2024-04-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉིན་ཤས་གོང་། གསར་འགོད་པས་པེ་ཅིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་རྒོལ་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱེད་འགོ་རྩོམ་པའི་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ན་ནིང་པེ་ཅིང་འཕྲིན་གཏོང་དོ་དམ་འབྲེལ་ཡོད་སྡེ་ཚན་གྱིས་རིམ་རྩིས་བྱས་ན་ཁ་བསླུས་དང་འབྲེལ་བའི་འཕྲིན་ཐུང་ཁྲི་7000བཀག་པ་དང་། ཁ་བསླུས་དང་འབྲེལ་བའི་ཁོངས་མིང་ཁྲི་300ལྷག་ཙམ་སྒོ་བརྒྱབ་པ། ཉིན་རེར་ཆ་སྙོམས་སྤྱི་བདེ་ལས་ཁུངས་ལ་ཁ་བསླུས་དང་འབྲེལ་བའི་ཁུངས་སྣེ་3400ལྷག་ཙམ་བསྐྱལ་བ། ཁ་བསླུས་འགོག་རྒོལ་གྱི་སྤྱི་ཕན་དྲན་སྐུལ་གྱི་འཕྲིན་ཐུང་དུང་ཕྱུར་8ལྷག་ཙམ་བཏང་ཞིང་། པེ་ཅིང་གྲོང་ཁྱེར་སྤྱི་བདེ་སྡེ་ཚན་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོར་ཉེན་ཟོན་བསླབ་འདོམས་ལས་དོན་ལ་བརྟེན་ནས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་73ལྷག་ཙམ་མི་ཕོག་པར་བྱས་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་འཕྲིན་གཏོང་དོ་དམ་སྡེ་ཚན་གྱིས་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁ་པར་གཱ་སོགས་གཙོ་གནད་ལས་སྒོའི་རང་མིང་འགོད་པའི་དོ་དམ་ནན་དུ་བཏང་ནས་ན་སོ་དར་ལ་མ་བབས་པའི་མིར་གཱ་གཉེར་བའི་ཞིབ་བཤེར་གཏན་འབེབས་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཁ་བསླུས་དང་འབྲེལ་བའི་ཉེན་ཁར་འགོག་ཟོན་གྱི་མ་ལག་བཟོས་ནས་ཁེ་ལས་ཁག་ལ་བསགས་འབོར་ཉེན་ཁ་ཆེ་བའི་ལས་སྒོ་སྤེལ་ཚུལ་ཐད་ལྟ་སྐུལ་དང་ཁྲིད་སྟོན་བྱས་ཏེ་ཁ་བསླུས་དང་འབྲེལ་བའི་ཉེན་ཁའི་བདེ་འཇགས་ལ་དཔྱད་དཔོག་བྱས་ཤིང་། “གཱ་གཅོད”དང“ཞི་མི་རྡུང་བ”སོགས་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། ན་ནིང་རིམ་རྩིས་བྱས་ན་ཁ་བསླུས་དང་འབྲེལ་བའི་ཉེན་ཁ་ཆེ་བའི་ཁ་པར་གཱ་ཁྲི་400ཙམ་མེད་པར་བཟོས་པ་དང་། མི་ཁྲི་2.18ཡིད་རྟོན་ཆད་གཅོད་བསླབ་འདོམས་ནང་བཅུག་པ། སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་སྒྲིག་ཆས་121གཞུང་བཞེས་བཏང་བ། ཉེས་གསོག་ནག་ཚང་45ལ་རྡུང་རྡེག་བཏང་བ། ཉེས་གསོག་པ་84བཟུང་པ་བཅས་རེད།