ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ཀྱི་སྤུས་ཚད་དང་སྤུས་རྟགས་ལེགས་སུ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

སྤེལ་དུས 2024-04-08 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཐོན་ལས་གླིང་དང་ཐོན་ལས་གཅིག་སྡུད་ཁུལ་སོགས་ཀྱིས་སྤུས་ཚད་ལེགས་གཏོང་དང་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་ཆེད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། ཞིང་ལས་དང་གྲོང་གསེབ་པུའུ། ཚོང་དོན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་བཅས་སྡེ་ཚན་ལྔ་ཡིས་ཉེ་ཆར《རྒྱལ་ཡོངས་ཀྱི་སྤུས་ཚད་དང་སྤུས་རྟགས་ལེགས་སུ་གཏོང་བའི་དཔེ་སྟོན་ཁུལ་གྱི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》མཉམ་དུ་བཀྲམ་ནས་རྒྱལ་ཡོངས་ཀྱི་སྤུས་ཚད་དང་སྤུས་རྟགས་ལེགས་སུ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་འགོ་བཙུགས་ཏེ། སྤུས་ཚད་ཀྱི་སྣེ་ཁྲིད་ནུས་པ་ཆེ་བ་དང་ཐོན་རྫས་དང་ཞབས་ཞུར་བསྔགས་བརྗོད་ཐོབ་ཚད་མཐོ་བའི་ཐོན་ལས་ཚོགས་པ་བཏོད་ཡོད།
  འཛུགས་གཏོད་བྱེད་སྒོར་ཞུགས་པའི་གླིང་ཁུལ་གྱིས“ཁག་གཅིག་རེ་བཞིའི”གཙོ་གནད་ལས་འགན་ལ་དམིགས་ཏེ། ཐོན་ལས་ཀྱི་སྤུས་ཚད་དང་སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཧུར་ཐག་གཏོང་རྒྱུ་ཡིན་ཞིང་། དེའང་གཅིག་ནས་ཆུ་ཚད་མཐོ་བའི་སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འདུས་གྲུབ་ཞབས་ཞུའི་རྟེན་གཞི་ཁག་གཅིག་བསྐྲུན་ནས་ཚད་འཇལ་དང་། ཚད་གཞི། བདེན་དཔང་ར་སྤྲོད་ཁས་ལེན། ཞིབ་དཔྱད་ཚད་ལེན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོན་ལས་ཚོགས་པ་དང་ཐོན་ལས་འཁོར་འབྲེལ་གྱི་སྤུས་ཚད་རིམ་སྤོར་ལ“གཅིག་འཐུས་རྣམ་པའི”ཞབས་ཞུ་མཁོ་འདོན་བྱེད་རྒྱུ་དང་། གཉིས་ནས་ཐོན་ལས་སྤུས་ཚད་ཀྱི་འགག་རྩའི་ཐུན་མོང་རང་བཞིན་གྱི་གནད་དོན་ཁག་གཅིག་ཐག་གཅོད་བྱས་ནས་ཁེ་ལས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་དང་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་གྱིས། སྤུས་ཚད་དང་ལག་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ། གསུམ་ནས་སྔོན་ཐོན་གྱི་སྤུས་ཚད་དོ་དམ་བྱེད་སྟངས་དང་བྱ་ཐབས་ཁག་གཅིག་ཆགས་པར་བྱས་ནས་མི་སྣ་ཡོངས་དང་། མཐུན་རྐྱེན་ཡོངས། བརྒྱུད་རིམ་ཧྲིལ་པོ། གྲངས་གཞི་ཆ་ཚང་བཅས་ཀྱི་སྤུས་ཚད་དོ་དམ་མ་ལག་གསར་པ་ཁྱབ་གདལ་དང་བེད་སྤྱོད་བྱས་ནས། སྤུས་ཚད་དོ་དམ་གྱི་གྲངས་འཛིན་ཅན་གྱི་རིམ་སྤོར་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ། བཞི་ནས་བསྔགས་བརྗོད་ཐོབ་ཚད་ཆེ་བ་དང་ཤུགས་རྐྱེན་ཆེ་བའི་ས་ཁོངས་ཀྱི་སྤུས་རྟགས་ཁག་གཅིག་སྐྱེད་སྲིང་བྱེད་པ་དང་། སྤུས་ཚད་དང་སྤུས་རྟགས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ། སྤུས་རྟགས་ཀྱི་དུས་འཁོར་ཧྲིལ་པོའི་དོ་དམ་དང་གཉེར་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད།
  ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་སྐྱེད་སྲིང་གི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། ཞིབ་ཕྲའི་ཐོན་ལས་གཅིག་གིས་སྤྱིར་ན་དཔེ་སྟོན་གཅིག་གདམ་ག་བྱེད་པའི་རྩ་དོན་གཞིར་བཟུང་། 2025ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་སྤུས་ཚད་དང་སྤུས་རྟགས་ལེགས་སུ་གཏོང་བའི་དཔེ་སྟོན་ཁུལ་100འཛུགས་གཏོད་ཀྱིས་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་ཀྱི་བཀོད་པ་འཛུགས་སྐྱོང་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།