ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

​ཀྲུང་གོ་མི་དམངས་དངུལ་ཁང་གིས་སྒོར་དུང་ཕྱུར5000གི་ཚན་རྩལ་གསར་གཏོད་དང་ལག་རྩལ་བསྒྱུར་བཀོད་ཐད་ཀྱི་དངུལ་བུན་བསྐྱར་མ་བཟོས་པ།

སྤེལ་དུས 2024-04-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
              ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས7ཉིན་ཚན་རྩལ་གསར་གཏོད་དང་ལག་རྩལ་བསྒྱུར་བཀོད་ཐད་ཀྱི་དངུལ་བུན་བསྐྱར་མ་བཟོས་པ་ཁྱབ་བསྒྲགས་བྱས་ཤིང་། དེའི་དངུལ་འབོར་སྒོར་དུང་ཕྱུར5000དང་། སྐྱེད་ཚད1.75%ཡིན་པ་དང་། དེས་དངུལ་རྩའི་ལས་ཁུངས་ཀྱིས་ཚན་རྩལ་རྣམ་པའི་ཁེ་ལས་ཆུང་འབྲིང་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ལག་རྩལ་བསྒྱུར་བཀོད། སྒྲིག་ཆས་བརྗེ་སྒྱུར་རྣམ་གྲངས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱ་རྒྱུ་རེད།
              ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་ནི། ཐོག་མའི་ཚན་རྩལ་གསར་གཏོད་ཀྱི་དངུལ་བུན་བསྐྱར་མ་དང་སྒྲིག་ཆས་རིམ་སྤོར་བསྒྱུར་བཀོད་ཀྱི་ཆེད་དོན་དངུལ་བུན་བསྐྱར་མའི་སྲིད་ཇུས་གཉིས་འབྲེལ་མཐུད་བྱས་པ་ཞིག་དང་། སྲིད་ཇུས་དེ་གཉིས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་བསྒྱུར་བཅོས་དང་འཐུས་ཚང་དུ་བཏང་བ་ཞིག་རེད། ད་ཐེངས་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་དེ་གཏོང་བའི་དུས་ཡུན་ལོ1དང་། དེ་ཡང་ཐེངས2ནར་འགྱངས་བྱས་ཆོག་ཅིང་། ཐེངས་རེའི་ནར་འགྱངས་གཏོང་ཡུན་དེ་ལོ1རེ་རེད།
              ད་ཐེངས་དངུལ་བུན་གཏོང་ཡུལ་གྱི་གྲས་སུ་དངུལ་རྩའི་ལས་ཁུངས21ཚུད་ཡོད། དངུལ་རྩའི་ལས་ཁུངས་ཀྱིས་ཁེ་ལས་ནས་རེ་ཞུ་ལྟར་དང་། ལས་རིགས་ཀྱི་གཙོ་འགན་སྡེ་ཚན་གྱིས་མཁོ་སྤྲོད་བྱས་པའི་གྲབས་འདེམས་བྱ་ཡུལ་ཁེ་ལས་ཀྱི་མིང་ཐོ་དང་། རྣམ་གྲངས་ཀྱི་གསལ་ཐོར་གཞིགས་ཐོག ཉེན་ཁ་རང་འཁུར་གྱི་རྩ་དོན་ལྟར། དངུལ་བུན་གཏོང་མིན་དང་དངུལ་བུན་གཏོང་བའི་ཆ་རྐྱེན་རང་བརྟེན་ཐག་གཅོད་བྱེད་ཆོག དངུལ་རྩའི་ལས་ཁུངས་ཀྱིས་ཀྲུང་གོ་མི་དམངས་དངུལ་ཁང་ལ་དངུལ་བུན་བསྐྱར་མ་གཏོང་རྒྱུ་རེ་ཞུ་བྱས་རྗེས། ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་བུན་གྱི་རྩིས་ཁྲར་ཞིབ་བཤེར་དང་། གྲབས་འདེམས་ཁེ་ལས་ཀྱི་མིང་ཐོའམ་རྣམ་གྲངས་ཀྱི་གསལ་ཐོའི་ནང་ནས་རེ་བ་དང་མཐུན་པའི་དངུལ་བུན་ཡིན་ཚེ། དངུལ་བུན་མ་དངུལ་གྱི60%ལྟར་དངུལ་རྩའི་ལས་ཁུངས་ལ་དངུལ་བུན་བསྐྱར་མ་གཏོང་རྒྱུ་རེད།
              ཧྲང་ཧའེ་དངུལ་རྩ་དང་གོང་འཕེལ་ཚོད་ལྟ་ཁང་གི་ཀྲུའུ་རིན་ཙེང་ཀང་གིས་བཤད་རྒྱུར། སྔོན་བསྐྱི་རྗེས་གཡར་གྱི་སྲིད་ཇུས་ནི་ཁྲོམ་ར་ཅན་གྱི་སྒྲིག་གཞིའི་ཕན་འབྲས་འདོན་སྤེལ་བྱས་ཐོག ཁྲོམ་ར་ཅན་གྱི་རྩ་དོན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་གཉིས་ཟུང་འབྲེལ་ནུས་ལྡན་བྱ་ཆེད་རེད། དངུལ་ཁང་གིས་སྔོན་ལ་བུ་ལོན་གཡར་བ་དེའི་ཐོག་ནས། དངུལ་ཁང་གིས་རང་ངོས་ནས་ཉེན་ཁར་དཔྱད་དཔོག་དང་རྣམ་གྲངས་འདེམས་པའི་སྐབས་ཀྱི་རང་འགུལ་ནུས་པ་འདོན་སྤེལ་དང་། ཁྲོམ་རའི་རྩ་དོན་ལྟར་ལེགས་འདེམས་བྱེད་དགོས་པ་མཚོན། དེ་དང་ཆབས་ཅིག དེའི་ཁྲོད་ཀྱི་ཆ་ཤས་འགའ་ཞིག་ནི་ཀྲུང་དབྱང་དངུལ་ཁང་གིས་ཅུང་དམའ་བའི་མ་དངུལ་སྤྱད་དེ་འགན་འཁྲི་འཁུར་རོགས་བྱ་རྒྱུ་རེད་ལ། ཚོང་ལས་དངུལ་ཁང་ལ་བརྟེན་ནས་མ་དངུལ་དེ་བས་མང་བ་འབྲེལ་ཡོད་ཁྱབ་ཁོངས་སུ་བཏང་ནས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱ་རྒྱུར་ཕན་ཐོགས་ཡོད།

རྩོམ་སྒྲིག་པ། རིག་གྲོལ།