ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཨ་རིས་སྒོ་ཁྲལ་གང་བྱུང་དུ་ལག་བསྟར་བྱེད་པར་ངོ་རྒོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས།

སྤེལ་དུས 2025-04-09 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
(2025ལོའི་ཟླ་4ཚེས་5ཉིན)
  ཉེ་ཆར། ཨ་རིས་ཁ་གཡར་ས་སྣ་ཚོགས་བཙལ་ནས་ཀྲུང་གོ་ཚུད་པའི་ཚོང་དོན་རོགས་ཟླ་ཚང་མར་སྒོ་ཁྲལ་གང་བྱུང་དུ་ལག་བསྟར་བྱེད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་རྒྱབ་འགལ་ཚབས་ཆེན་བྱས་པ། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་གནོད་འཚེ་ཚབས་ཆེན་བཏང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་ལམ་བརྟན་པོ་ཡོང་བར་རྡབ་རྡེག་ཚབས་ཆེན་བཏང་ཡོད། ཀྲུང་གོ་སྲིད་གཞུང་གིས་བྱེད་སྤྱོད་འདིར་རྒོལ་གཏམ་དྲག་པོ་བཏང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
  ཨ་རིའི་བྱེད་སྟངས་དེ་རིགས་གཞི་རྩའི་དཔལ་འབྱོར་གྱི་ཆོས་ཉིད་དང་ཁྲོམ་རའི་རྩ་དོན་དང་རྒྱབ་འགལ་དུ་སོང་བ་ཞིག་ཡིན་ཞིང་། ཕྱོགས་མང་ཚོང་དོན་གྲོས་མོལ་བྱས་པ་ལས་བྱུང་བའི་ཁེ་ཕན་དོ་མཉམ་གྱི་གྲུབ་འབྲས་རྩིས་མེད་དུ་བཏང་བ་དང་། ཨ་རིར་ཡུན་རིང་རྒྱལ་སྤྱིའི་ཚོང་དོན་ཁྲོད་ནས་ཁེ་ཕན་འབོར་ཆེན་ཐོབ་པའི་དོན་དངོས་སྣང་མེད་དུ་བཏང་བ། སྒོ་ཁྲལ་དེ་གནོན་ཤུགས་ཆེན་པོ་སྤྲོད་པ་དང་སྒེར་ཕན་གཉེར་བའི་མཚོན་ཆར་བརྩིས་ཡོད། དེ་ནི་དཔེ་མཚོན་རང་བཞིན་ལྡན་པའི་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། དཔལ་འབྱོར་བཙན་པོ་ཧམ་ཤེད་བཅས་ཀྱི་བྱེད་སྤྱོད་ཅིག་རེད། ཨ་རིས“འདྲ་མཉམ”དང“དྲང་བདེན”དོན་གཉེར་བྱེད་ཁུལ་བྱས་ནས་རྒྱལ་ཕམ་འགྲན་རྩོད་བྱེད་པ་ངོ་བོའི་ཐོག་ནས་བརྗོད་ན།“ཨ་རིར་སྔོན་ཐོབ”དང“ཨ་རིར་དམིགས་བསལ”བྱེད་པ་དང་། སྒོ་ཁྲལ་གྱི་ཐབས་ལ་བརྟེན་ནས་ད་ཡོད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་མགོ་རྟིང་སློག་པ། ཨ་རིའི་ཁེ་ཕན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྤྱི་ཕན་ལས་ལྷག་པར་བྱེད་པ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་ཕན་བློས་བཏང་ནས་ཨ་རིའི་བཙན་དབང་ཁེ་ཕན་ལ་ཞབས་འདེགས་ཞུ་བ་བཅས་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་ངོ་རྒོལ་བྱ་རྒྱུ་ཉག་ཅིག་རེད།
  ཀྲུང་གོ་ནི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་དང་གུས་སྲོལ་གཟབ་པའི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་མི་དམངས་ཀྱིས་ཁ་དན་ཚིག་ལ་གནས་པ་བྱ་རྒྱུ་དེ་གཞན་ལ་ལྟ་སྟངས་འཛིན་པ་དང་རང་ལ་གཅུན་འདོམས་བྱེད་པའི་རྩ་བར་འཛིན་གྱི་ཡོད། ང་ཚོས་རྙོག་དྲ་སློང་མི་སྲིད་ལ་རྙོག་དྲར་སྐྲག་ཀྱང་མི་སྲིད། གནོན་ཤུགས་སྤྲོད་པ་དང་འཇིགས་སྣང་སྐུལ་བ་ནི་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་བྱེད་པའི་བྱ་ཐབས་ཡང་དག་ཅིག་མིན། ཀྲུང་གོས་བློ་ཐག་བཅད་པའི་བྱེད་ཐབས་སྤྱད་ཡོད་ལ་སླད་ཕྱིན་མུ་མཐུད་སྤྱད་དེ་རང་ཉིད་ཀྱི་བདག་དབང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་དགོས། ཨ་རིས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་མི་དམངས་ཀྱི་ཐུན་མོང་རེ་སྒུག་དང་བསྟུན་ནས་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ནས་འགོ་བཙུགས་ཏེ། སྒོ་ཁྲལ་མཚོན་ཆར་བྱས་ནས་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ལ་བཙན་གནོན་བྱེད་མཚམས་འཇོག་དགོས་པ་དང་ཀྲུང་གོ་མི་དམངས་ཀྱི་ལུགས་མཐུན་འཕེལ་རྒྱས་ཀྱི་དབང་ཆར་གནོད་འཚེ་གཏོང་མཚམས་འཇོག་དགོས།
  ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་ཚོང་ཟོག་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་ཡིན། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་ལས་ཆུང་དུ་གཏོང་མི་སྲིད། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་དང་། སྒྲིག་གཅུན། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་སྲིད་ཇུས་ལག་བསྟར་གྱིས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་དེ། འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཀྱིས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་ཀྱི་ཡིན།
  དཔལ་འབྱོར་གོ་ལ་ཅན་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྲོག་ཤིང་དུ་བྱེད་པ་དང་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱིས་གོ་ལ་ཧྲིལ་པོའི་ཚོང་དོན་འཕེལ་རྒྱས་དང་། དཔལ་འབྱོར་འཕར་བ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྒོ་དབྱེ་མཉམ་ལས་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་ཡིན་པས། འཛམ་གླིང་འདི་ཉིད་ཕན་ཚུན་བཀག་སྡོམ་དང་ཕན་ཚུན་ཁ་བྲལ་གྱི་རྣམ་པར་གཏན་ནས་ཕྱིར་ལོག་བྱེད་མི་སྲིད་ལ་ཕྱིར་ལོག་བྱེད་ཀྱང་མི་རུང་། གཉིས་ཁེ་གཉིས་ཕན་ནི་མི་སེམས་ཕྱོགས་ས་ཡིན་པས། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་དཔལ་འབྱོར་བཙན་དབང་བཤད་ན་མཐར་རང་གིས་རང་ཕུང་བ་བཟོ་རྒྱུ་གདོན་མི་ཟའོ། དཔལ་འབྱོར་གོ་ལ་ཅན་སྔར་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་མཉམ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་རེད།
  འཕེལ་རྒྱས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཡོངས་ཁྱབ་ཀྱི་ཁེ་དབང་ཞིག་ཡིན་པ་ལས། རྒྱལ་ཁབ་ཉུང་ཤས་ཀྱི་ཁེ་བེད་བདག་ཐོབ་མིན། རྒྱལ་སྤྱིའི་ཐོག་གི་དོན་དག་ཡིན་ཕྱིན་ཚང་མས་ཐུན་མོང་ཐོག་གྲོས་མོལ་བྱས་ནས་ཐག་གཅོད་དགོས་པ་དང་། འཛམ་གླིང་གི་མདུན་ལམ་དང་ལས་དབང་གི་ཁ་ལོ་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་སྒྱུར་དགོས། ཚོང་དོན་གྱི་འཁྲུག་རྩོད་དང་སྒོ་ཁྲལ་གྱི་འཁྲུག་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད་ལ། སྲུང་སྐྱོབ་རིང་ལུགས་ལའང་ཐར་ལམ་མེད། རྒྱལ་ཁབ་ཁག་གིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས། རྣམ་པ་སྣ་ཚོགས་ཀྱི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བཅས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་དགོས། འཛམ་གླིང་ཐོག་དྲང་གཞག་དང་དྲང་བདེན་ལ་ཡིད་ཆེས་བྱེད་མཁན་རྒྱལ་ཁབ་མང་ཆེ་བས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་རང་ངོས་ཀྱི་ཁེ་ཕན་དང་མཐུན་པའི་གདམ་ག་བྱེད་ངེས་ཡིན་པར་ཡིད་ཆེས་ཡོད།