ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་པ།
སྤེལ་དུས 2025-06-05
ཡོང་ཁུངས།
རྩོམ་པ་པོ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས། 《སྲིད་དོན་གྲངས་གཞི་མཉམ་སྤྱོད་སྲོལ་ཡིག》ཅེས་པ་ཁྱབ་བསྒྲགས་བྱས་ཤིང་། དེ་2025ལོའི་ཟླ་8པའི་ཚེས་1ཉིན་ནས་འགོ་ཚུགས་ཏེ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 《སྲོལ་ཡིག》དེ་བཏོན་པའི་དམིགས་ཡུལ་ནི་སྲིད་དོན་གྲངས་གཞི་བདེ་འཇགས་དང་གོ་རིམ་ལྡན་པ་ལས་ཆོད་མཐོ་པོ་བཅས་ཀྱི་སྒོ་ནས་མཉམ་སྤྱོད་བྱ་རྒྱུ་དང་། སྲིད་གཞུང་གི་གྲངས་འཛིན་ཅན་གྱི་བཅོས་སྐྱོང་ནུས་པ་དང་སྲིད་དོན་ཞབས་ཞུའི་ལས་ཆོད་མཐོ་རུ་གཏོང་རྒྱུ། ཁྱོན་ཡོངས་ནས་གྲངས་འཛིན་སྲིད་གཞུང་འཛུགས་རྒྱུ་བཅས་ཀྱི་ཆེད་དུ་ཡིན། 《སྲོལ་ཡིག》ལ་ཁྱོན་ལེའུ་8དང་དོན་ཚན་44ཡོད་པ་དང་། ནང་དོན་གཙོ་བོ་གཤམ་གསལ་ལྟར་ཡོད་དེ།
གཅིག་ནི་སྤྱིའི་བླང་བྱ་ཁ་གསལ་བཏོན་ཡོད། སྲིད་དོན་གྲངས་གཞི་མཉམ་སྤྱོད་ལས་དོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་གཏན་འབེབས་བྱས་ཡོད། གཉིས་ནི་དཀར་ཆག་དོ་དམ་ལེགས་སྒྲིག་བྱས་ཡོད། རང་དགར་བཀག་རྒྱ་བཟོས་ནས་སྲིད་དོན་གྲངས་གཞི་མཉམ་སྤྱོད་ལ་འགོག་རྐྱེན་བཟོ་མི་རུང་བ་གཏན་འབེབས་བྱས་ཡོད། གསུམ་ནི་མཉམ་སྤྱོད་ཀྱི་བླང་བྱ་ཞིབ་ཕྲ་བཏོན་ཡོད། སྲིད་དོན་གྲངས་གཞི་མཉམ་སྤྱོད་བསྡུ་ལེན་བྱས་པ་བརྒྱུད་ལས་སྒྲུབ་དགོས་མཁོ་སྐོང་ཐུབ་པའི་སྲིད་གཞུང་ཚན་པས་བསྡུ་ལེན་བསྐྱར་མ་བྱེད་མི་རུང་བ་གཏན་འབེབས་བྱས་ཡོད། བཞི་ནི་སྟེགས་བུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་གྲངས་གཞི་ཆེན་པོའི་མ་ལག་ལེགས་སྒྲིག་འཛུགས་སྐྱོང་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ལྔ་ནི་འགན་ལེན་བྱ་ཐབས་ཤུགས་ཆེར་བཏང་ཡོད། སྲིད་དོན་གྲངས་གཞི་མཉམ་སྤྱོད་ཀྱི་ལྷུ་ཚིགས་ཁག་གི་བདེ་འཇགས་འགན་འཁུར་བྱེད་པོ་གཏན་འཁེལ་བྱས་ཡོད།