ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འདྲེན་བསྡོམས་འབོར་དུས་མཚུངས་ལས་5.6%འཕར་བ་དང་དགོས་མཁོ་བརྟན་པོའི་ངང་འཕར་བ།
སྤེལ་དུས 2025-06-05
ཡོང་ཁུངས།
རྩོམ་པ་པོ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་ཟོག་འདྲེན་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་3ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་115.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ་5.6འཕར་ཡོད་པ་རེད།
གྲུབ་ཚུལ་ཐད་ནས་བལྟས་ན། ཐོན་སྐྱེད་དང་འཛད་སྤྱོད་ཀྱི་དགོས་མཁོ་བརྟན་པོའི་ངང་འཕར་ཡོད་པ་དང་། རྒྱལ་ནང་གི་ཟོག་འདྲེན་གྱི་དགོས་མཁོའི་མཉེན་གཤིས་རྒྱུན་འཁྱོངས་ཐུབ་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཟླ་དང་པོ་ནས་བཞི་པའི་བར། བཟོ་ལས་ཐོན་རྫས་ཀྱི་ཟོག་འདྲེན་བསྡོམས་འབོར་དུས་མཚུངས་ལས་5.7%འཕར་བ་དང་། དེའི་ནང་། ཟླ་4པར་ལས་རིགས་དང་ཐོན་རྫས་མང་ཆེ་བའི་ཟོག་འདྲེན་གྱི་དགོས་མཁོ་འཕར་སྣོན་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། ལས་རིགས་ཆེ་གྲས་41ཀྱི་འཕར་ཁྱོན་87.8%ཟིན་པ་དང་། ལྷག་པར་དུ་སྒྲིག་ཆས་བཟོ་སྐྲུན་གྱི་ཟོག་འདྲེན་གྱི་དགོས་མཁོའི་འཕར་ཚད་9.8%ཟིན་ཞིང་། ལག་རྩལ་མཐོ་བའི་བཟོ་སྐྲུན་གྱི་འབྲེལ་ཡོད་ཟོག་འདྲེན་གྱི་དགོས་མཁོ་དུས་མཚུངས་ལས་10%འཕར་ཡོད། ཀྲུང་གོ་ཟོག་འདྲེན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཡུས་ཧང་གིས་"རིག་ནུས་བཟོ་སྐྲུན་དང་འབྲེལ་ཡོད་བཟོ་སྐྲུན་ལས་རིགས་ཀྱི་ཟོག་འདྲེན་དགོས་མཁོ་དང་དེ་བཞིན་ཐོན་རྫས་གྲུབ་མའི་ཟོག་འདྲེན་དགོས་མཁོ་དེ་རིགས་ད་དུང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། དེའི་ཐོག་ནས་ང་ཚོའི་དཔལ་འབྱོར་ཧྲིལ་པོའི་མཉེན་གཤིས་ཅུང་ཆེ་བ་ཡིན་པ་མཚོན་ཡོད་"ཅེས་བཤད་འདུག
ཟླ་དང་པོ་ནས་བཞི་པའི་བར་ལས་ཁུངས་དང་གྲོང་མིའི་ཟོག་འདྲེན་བསྡོམས་འབོར་དུས་མཚུངས་ལས་5.9%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས་0.1འཕར་ཡོད། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་སོགས་ནང་མཁོ་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་ཀྱི་ཕན་ནུས་མངོན་གསལ་དོད་པོ་ཐོན་པ་དང་། དེའི་ཐོག་བརྙན་ཐུང་དང་། ཐད་གཏོང་ཟོག་ཚོང་། དུས་ཐོག་སིལ་ཚོང་སོགས་ཀྱི་ལས་རྣམ་གསར་པས་རྒྱབ་སྐྱོར་ཐོབ་པ་བརྒྱུད། གྲོང་མིའི་འཛད་སྤྱོད་ཀྱི་ཟོག་འདྲེན་དགོས་མཁོ་བརྟན་པོའི་ངང་འཕར་ཡོད། དྲ་ཐོག་གློག་རྡུལ་ཚོང་ཁང་གི་འཛད་སྤྱོད་ལ་གསོན་ཤུགས་ཀྱིས་ཁེངས་ཡོད་པ་སྟེ། ཟླ་དང་པོ་ནས་བཞི་པའི་བར། དངོས་ཟོག་དང་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱས་ཚད་དུས་མཚུངས་ལས་5.8%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས་0.1འཕར་ཡོད། པེ་ཅིང་དངོས་རྫས་སློབ་གླིང་ཟོག་འདྲེན་སློབ་གླིང་གི་གླིང་གཙོ་ཅང་ཤུས་ཀྱིས་"ཟོག་འདྲེན་གྱི་བརྒྱུད་རིམ་ཇེ་ལེགས་སུ་བཏང་བ་བརྒྱུད། དུས་ཐོག་ཏུ་ལན་ཆ་བྱེད་ཐུབ་པ་བྱུང་བ་དང་། འཛད་སྤྱོད་ཀྱི་བར་མཐོངས་གྲུབ་ཆ་རྒྱ་ཆེར་ཕྱིན་པ་། ལས་ཕྱོད་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ལ་འཛད་སྤྱོད་རིམ་སྤོར་ལ་སྔར་བས་སྐུལ་འདེད་ཀྱང་ཐེབས་ཡོད་"ཅེས་བཤད་འདུག
ཟླ་དང་པོ་ནས་བཞི་པའི་བར། ཟོག་འདྲེན་ལས་རིགས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་ལེགས་གྲུབ་བྱུང་ཚད་ཀྱི་སྟོན་གྲངས་ཀྱི་ཆ་སྙོམས་རིན་ཐང་51.6%ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གནས་1.9འཕར་བ་དང་། ཟླ་བཞི་པར་སྟོན་གྲངས་དེ་53.6%ཟིན་ནས་ཉེ་བའི་ལོ་གསུམ་རིང་གི་མཐོ་ཤོས་བཏོད་ཡོད། ལིའུ་ཡུས་ཧང་གིས་དབྱེ་ཞིབ་བྱས་པ་ལྟར་ན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་དང་"གལ་ཆེན་གཉིས་"འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག ཟོག་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་བརྟན་པོའི་ངང་འཕར་ཞིང་། ཟོག་འདྲེན་གྱི་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་། ཟོག་འདྲེན་བྱེད་ཚད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།
ལིའུ་ཡུས་ཧང་གིས་"ཟོག་འདྲེན་ལས་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་དམིགས་པའི་མ་འཇོག་ལེགས་གྲུབ་བྱུང་ཚད་དང་། ལྷག་པར་དུ་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་ཀྱི་འཕར་ཚད་ཅུང་ལེགས་པོ་ཡོད། རྨང་གཞིའི་སྒྲིག་བཀོད་དེ་རིགས་འཛུགས་སྐྲུན་བྱས་པ་བརྒྱུད། ཟོག་འདྲེན་གྱི་འཁོར་སྐྱོད་སྔར་བས་ལེགས་པའི་སྒོ་ནས་མངོན་འགྱུར་བྱུང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་ཐུབ་"ཅེས་བཤད་འདུག