ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

གནམ་གྲུའི་ནང་གློག་གསོག་ཆས་འདི་རིཊ་འཁྱེར་ཆོག་གི་མི་འདུག

སྤེལ་དུས 2025-07-01 ཡོང་ཁུངས། རྩོམ་པ་པོ།
     ཉིན་ཤས་གོང་། མཁའ་འགྲུལ་འཁོར་སྐྱོད་ཀྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཛ་དྲག་བརྡ་ཐོ་བཏང་ནས། ཟླ་6ཚེས་28ཉིན་ནས་བཟུང་། 3Cཡི་ངོ་རྟགས་མེད་པ་དང་། 3Cཡི་ངོ་རྟགས་གསལ་པོ་མེད་པ། ཐོན་སྐྱེད་བཟོ་གྲྭས་ཕྱིར་ལེན་བྱས་པའི་དཔེ་དབྱིབས་སམ་དངོས་ཟོག་ཁག་གྲངས་ཡིན་པའི་གློག་གསོག་ཆས་རྒྱལ་ནང་གི་དུས་གཏན་གནམ་གྲུའི་ནང་འཁྱེར་མི་ཆོག་པ་བཟོས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འདི་ཤར་ཚུན། འགྲུལ་པས་འཁྱེར་བའི་ལག་ཐོགས་ཁ་པར་གྱི་གློག་གསོག་ཆས་སོགས་ལི་གློག་རྫས་ཀྱི་ཐོན་རྫས་ལ་གནམ་གྲུའི་ཐོག་མེ་སྦར་བ་དང་དུ་བ་འཕྱུར་བའི་དོན་རྐྱེན་ཡང་སེ་ཐོན་ཡོད། དེའི་ཁར། ཉེ་ཆར་སྤུས་རྟགས་གློག་གསོག་ཆས་བཟོ་གྲྭ་མང་པོ་ཞིག་གིས་གློག་སྙིང་ལ་བདེ་འཇགས་ཐད་ཀྱི་ཉེན་ཁ་ཡོད་པའི་དབང་གིས་ཐོན་རྫས་ཁག་ཐེངས་མང་པོ་ཕྱིར་ལེན་བྱས་པ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གློག་གསོག་ཆས་དང་གློག་སྙིང་བཟོ་གྲྭ་མང་པོ་ཞིག་གི་3Cཡི་དཔང་དཔྱད་ཕྱིར་འཐེན་ནམ་གནས་སྐབས་མཚམས་འཇོག་བྱས་ཡོད་པས། འགྲུལ་པས་འཁྱེར་བའི་གློག་གསོག་ཆས་ལ་བདེ་འཇགས་སྤུས་ཚད་ཐད་ཀྱི་མངོན་མེད་ཉེན་ཁ་གནས་ཡོད་པ་དང་། དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་འཁོར་སྐྱོད་ལ་བཟོ་བའི་ཉེན་ཁ་རྒྱུན་མཐུད་ཆེ་རུ་ཕྱིན་པ་མཚོན་ཡོད། དེའི་ཐད། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཀྱི་རྨང་གཞིའི་ཐོག རྒྱལ་སྤྱིའི་ཐོག་སྤྱོད་པའི《ཉེན་ཆེའི་དངོས་རྫས་བདེ་འཇགས་ངང་མཁའ་འགྲུལ་སྐྱེལ་འདྲེན་བྱེད་པའི་ལག་རྩལ་ཞིབ་སྲོལ》གཞིར་བཟུང་། དོ་དམ་ཚོད་འཛིན་གྱི་བྱེད་ཐབས་སྔར་བས་ནན་པོ་སྤྱོད་རྒྱུའི་གཏན་འབེབས་བྱས་པ་མ་ཟད། དམངས་སྤྱོད་མཁའ་འགྲུལ་གྱི་འབྲེལ་ཡོད་ཚན་པར་སྒྲིག་འཛུགས་ཡག་པོ་བྱས་ནས་དྲིལ་བསྒྲགས་བརྡ་སྤྲོད་ཡག་པོ་བྱེད་པ་དང་། ཞིབ་བཤེར་ནན་པོ་བྱེད་པ། ཞབས་ཞུ་ལེགས་སུ་གཏོང་བ། འཕྲལ་སྒྲུབ་གྲ་སྒྲིག་ཡག་པོ་བྱེད་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།
     བརྡ་ཐོའི་ནང་། མཁའ་འགྲུལ་ཀུང་སི་ཁག་དང་དེའི་ལས་ཚབ་པས་གློག་གསོག་ཆས་ལ་མེ་སྦར་ནས་དུ་བ་ཐོན་པའི་དོན་རྐྱེན་ཐད་ཉེན་བརྡ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། འགྲུལ་པ་དེ་བས་མང་བས་འབྲེལ་ཡོད་ཐོན་རྫས་ཀྱི་བདེ་འཇགས་ཉེན་ཁ་དང་དོ་དམ་སྲིད་ཇུས་ཤེས་རྟོགས་ཐུབ་པ་བྱས་ཏེ། འགྲུལ་པས་ཚད་མ་ལོན་པའི་གློག་གསོག་ཆས་གནམ་གྲུའི་ནང་མི་འཁྱེར་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་དང་། གནམ་ཐང་ཁག་གིས་རྒྱང་བསྒྲགས་དང་འགུལ་རྣམ་འཆར་ཤེལ་སོགས་བེད་སྤྱད་གང་ལེགས་བྱས་ཏེ། བདེ་འཇགས་ཞིབ་བཤེར་བགྲོད་ལམ་དང་གནམ་གྲུའི་ནང་འཛུལ་ས་སོགས་མངོན་གསལ་དོད་པའི་གནས་སུ་དྲིལ་བསྒྲགས་ཡི་གེ་སྦྱར་བའམ་དྲན་སྐུལ་བྱས་ཏེ། ཆ་ཕྱོགས་མང་པོ་ནས་གློག་གསོག་ཆས་གནམ་གྲུའི་ནང་འཁྱེར་བའི་བདེ་འཇགས་ཐད་ཀྱི་ཉེན་ཁ་དང་དེ་བཞིན་དོ་དམ་ཚོད་འཛིན་སྲིད་ཇུས་དྲིལ་བསྒྲགས་ཚགས་ཚུད་པོ་བྱ་དགོས་པའི་བླང་བྱ་བཏོན་ཡོད།
     བརྡ་ཐོའི་ནང་། གནམ་ཐང་ཁག་གི་བདེ་འཇགས་ཞིབ་བཤེར་སྡེ་ཚན་གྱིས་འགྲུལ་པས་འཁྱེར་བའི་གློག་གསོག་ཆས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། འགྲུལ་པས་ཚད་མི་ལོན་པའི་གློག་གསོག་ཆས་གནམ་གྲུའི་ནང་འཁྱེར་རྒྱུར་སྔོན་འགོག་ནན་པོ་བྱེད་དགོས་ཤིང་། མཁའ་འགྲུལ་ཀུང་སི་ཁག་དང་གནམ་ཐང་ཁག་གིས་བདེ་འཇགས་ཞིབ་བཤེར་བྱེད་སར་ལས་མི་མང་དུ་བཏང་ནས་འགྲུལ་པར་ཞབས་ཞུ་མཛུབ་ཁྲིད་དང་འགྲེལ་བཤད་རྒྱག་པའི་ལས་དོན་ཡག་པོ་སྤེལ་དགོས་པ། འགྲུལ་པས་གློག་གསོག་ཆས་སྐྱུར་བའམ་གནས་སྐབས་ཉར་ཚགས་བྱེད་སའི་ས་ཁོངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་། གནས་སྐབས་ཉར་ཚགས་ཀྱི་འགྲོ་ལུགས་དང་གོ་རིམ་ཁ་གསལ་བཟོས་ནས། འགྲུལ་པས་སྐྱུར་བའམ་གནས་སྐབས་ཉར་ཚགས་བྱེད་པར་སྟབས་བདེ་བསྐྲུན་ཏེ། འགྲུལ་པས་སྲིད་ཇུས་ལ་བསམ་ཤེས་དང་གཞོགས་འདེགས་བྱེད་ཚད་མཐོ་རུ་གཏོང་དགོས་པའི་ནན་སྟོན་བྱས་ཡོད།
     བརྡ་ཐོའི་ནང་། གནམ་ཐང་ཁག་གིས《གནམ་གྲུའི་འབབ་ཚུགས་ཐོག་ཁང་གི་འགྲུལ་པའི་འཁྱེར་བདེའི་གློག་རྡུལ་སྒྲིག་ཆས་ཀྱི་གློག་གསོག་སྒྲིག་བཀོད་འཛུགས་སྐྲུན་གྱི་ཕྱོགས་སྟོན》དཔྱད་གཞིར་བྱས་ཏེ། གནམ་གྲུའི་འབབ་ཚུགས་ཐོག་ཁང་ནང་འགྲུལ་པར་གློག་གསོག་སྒྲིག་བཀོད་སྒྲིག་སྦྱོར་དང་ཉམས་གསོ་བྱ་རྒྱུར་དམ་འཛིན་བྱས་ཏེ། གློག་གསོག་སྒྲིག་ཆས་སྒྲིག་བཀོད་ཀྱི་སྤྱོད་གོ་ཆོད་ཚད་དང་སྤྱོད་ཐུབ་ཚད་ཆེ་རུ་བཏང་ནས། འགྲུལ་པ་གནམ་ཐང་ནས་འགྲོ་འོང་བྱེད་སྐབས་གློག་གསོག་པའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་ཞེས་བསྟན་ཡོད།
     བརྡ་ཐོའི་ནང་ད་དུང་མཁའ་འགྲུལ་ཀུང་སི་ཁག་དང་གནམ་ཐང་ཁག་གིས་འགྲུལ་པར་ཞབས་ཞུ་སྒྲུབ་མཁན་མི་སྣར་གསོ་སྦྱོང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ལས་མིས་གློག་གསོག་ཆས་ཀྱི་བདེ་འཇགས་ཐད་ཀྱི་ཉེན་ཁ་དང་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ་བྱས་ཏེ། འགྲུལ་པའི་འདྲི་རྩད་ལ་ཡང་དག་པ་དང་ནུས་ལྡན་ངང་ལན་འདེབས་ཐུབ་པ་བྱེད་དགོས་པ་དང་ཆབས་ཅིག སྡེ་ཚན་ཁག་གིས་བླང་བྱ་ལྟར་ལི་གློག་རྫས་ལ་མེ་སྦར་བ་དང་དུ་བ་ཐོན་པ་སོགས་ཛ་དྲག་གི་གནས་ཚུལ་ཐོན་སྐབས་འཕྲལ་སྡོམ་ཐག་གཅོད་བྱེད་པའི་སྔོན་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ལས་བཟོ་པའི་འདུ་ཤེས་དང་འཕྲལ་སྡོམ་ལན་ཆའི་ནུས་པ། མཐུན་སྦྱོར་གཞོགས་འདེགས་ནུས་པ་བཅས་ཆེ་རུ་བཏང་སྟེ། ཛ་དྲག་གནས་ཚུལ་ཐོན་སྐབས་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་ཐུབ་པའི་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་ཡོད།