གནམ་གཤིས་ངན་པ་སྟེ་དཔེར་ན་སེར་བ་བབས་པའི་གནམ་གཤིས་བསྟན་ནས་མོ་ཊར་རྡིབ་ཀོང་བཟོས་པ་དང་ཤེལ་སྒོ་བཅག་ན་འགན་བཅོལ་ནང་ཞུགས་པའི་རླངས་འཁོར་ཚང་མར་སྐྱིན་ཚབ་རེ་ཞུ་བྱེད་ཆོག་གི་ཡོད་དམ་ཞེ་ན།
དེ་ཡང་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2020ལོར་རླངས་འཁོར་གྱི་འགན་བཅོལ་སྲིད་ཇུས་སྒྱུར་བཅོས་བྱས་རྗེས་སེར་བ་དང་དྲག་ཆར་སོགས་རང་བྱུང་གནོད་འཚེས་རླངས་འཁོར་ལ་བཟོས་པའི་གྱོང་གུན་ཚང་མ་རླངས་འཁོར་གྱི་གནོད་འཚེའི་འགན་བཅོལ་ཁྱབ་ཁོངས་ནང་བཅུག་ཡོད་པ་སྟེ། རླངས་འཁོར་གྱི་གནོད་འཚེའི་འགན་བཅོལ་ནང་ཞུགས་རྗེས་སེར་བ་བབས་ནས་རླངས་འཁོར་ལ་རྡིབ་ཀོང་བཟོས་པ་དང་ཤེལ་སྒོ་བཅག་ཚེ་འགན་བཅོལ་གྱིས་ཚང་མ་སྐྱིན་ཚབ་འཇལ་གྱི་ཡོད།
འོན་ཀྱང་བཙན་ཤེད་འགན་བཅོལ་དང་ཕྱོགས་གསུམ་པའི་འགན་བཅོལ་མ་གཏོགས་མེད་པ་རྣམས་ལ་གོང་གསལ་གྱི་གནས་ཚུལ་དེ་རིགས་འོག་གྱོང་གུན་སྐྱིན་ཚབ་འཇལ་རོགས་བྱེད་ཀྱི་མིན་འདུག
གཞན་ཡང་མོ་ཊའི་བདག་པོས་ངེས་པར་དུ་སེར་བ་བབས་རྗེས་ཀྱི་ཆུ་ཚོད48ནང་ཚུན་དུ་འགན་བཅོལ་ཀུང་སིར་གནད་དོན་སྙན་སེང་ཞུས་དགོས་པ་དང་། གལ་ཏེ་ཆུ་ཚོད48ལས་ཡོལ་ཚེ་སྐྱིན་ཚབ་ཆ་ཚང་འཇལ་ཐུབ་རྒྱུ་ཁག་པོ་ཡོད་པ་མ་ཟད། ཐ་ན་སྐྱིན་ཚབ་རྐང་གཅིག་ཀྱང་འཇལ་མི་ཐུབ་པའི་ཉེན་ཁ་འདུག
རྩོམ་སྒྲིག་པ། རིག་གྲོལ།