ཟླ་11ཚེས་9ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྡིངས་ཆ་ནས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་ནས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ཚེས་9ཉིན་གྱི་དགོང་མོར། ཀོང་ཏུང་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་སུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། འདི་ནི་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་གནས་གསུམ་གྱིས་མཉམ་དུ་གཉེར་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་དེ་རེད།
ཆུ་ཚོད་19དང་སྐར་མ་58ལ། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་སོགས་ཀྲུའུ་ཞི་སྡིངས་ཆར་ཕེབས་ནས་ལྟད་མོ་བ་ཚོར་ཕྱག་གཡུག་གཡུག་གནང་སྟེ་གུས་ལན་ཞུས་པས། ལུས་རྩལ་ཐང་ཡོངས་སུ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡུན་རིང་ཞུས་པ་རེད།
ཆུ་ཚོད་20ཙམ་ལ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོ་དངོས་སུ་འཚོགས་ཤིང་། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་བསྟུན་ནས། གཟབ་སྦྲེང་དམག་མིས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་སྲུང་བཞིན་གོམ་སྟབས་བརྟན་པོས་ལུས་རྩལ་ཐང་དུ་འཛུལ་ཞིང་། རྔམ་བརྗིད་དང་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དར། དེ་བཞིན་དར་ཆ་འཁྱེར་མཁན་16ལས་གྲུབ་པའི་ཚོཌ་དར་རུ་སྟར་གྲུ་བཞི་ལུས་རྩལ་ཐང་དུ་བསྐྱོད་པ་དང་། ཤན་འབྱེད་པའི་འཐུས་མིའི་རུ་སྟར་གྲུ་བཞི་མུ་མཐུད་ལུས་རྩལ་ཐང་དུ་བསྐྱོད། དེའི་རྗེས་སུ་འབྲངས་མཁན་ནི་སྙིང་སྟོབས་རབ་ཏུ་འཕེལ་བའི་འཐུས་མི་ཚོགས་པ་37གྱི་ལུས་རྩལ་པའི་འཐུས་མི་ཡིན་ཞིང་། ཁོང་ཚོ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་། དེ་བཞིན་ལས་རིགས་ལུས་རྩལ་མཐུན་ཚོགས་གསུམ་ནས་ཡིན་པ་རེད། ལུས་རྩལ་ཐང་ཡོངས་ཀྱི་ལྟད་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་དགའ་འབོད་ལ་བརྟེན་ནས་ལུས་རྩལ་པར་དགའ་བསུ་ཞུས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་བཅས་ཀྱིས་ཁག་སོ་སོར་ཤིས་ཚིག་བསྒྲོན་པ་རེད།
ཆུ་ཚོད་20དང་སྐར་མ་43ལ། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་མ་ཐག་ལུས་རྩལ་ཐང་ཡོངས་སུ་དགའ་བསུ་དང་དགའ་འབོད་ཀྱི་སྒྲ་ཡུན་རིང་གྲགས་པ་རེད།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་གླུའི་འགྱུར་ཁུག་དང་བསྟུན་ནས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དར་དལ་བུར་བསྒྲེངས་པ་རེད།
ཁྲེན་ཨའེ་སེན་དང་། ཡིའུ་ཅུན་ཞན། ཡོན་ཤོན་ཡུན་བཅས་ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་ཞུགས་མཁན་ལུས་རྩལ་པ་དང་། རྩལ་ཁྲིད་པ། ཤན་འབྱེད་པ་བཅས་ཀྱི་ཚབ་ཞུས་ནས་དམ་བཅའ་བཞག་པ་རེད།
《ཕུགས་འདུན་མངོན་འགྱུར》བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འགྲེམས་འཁྲབ་འགོ་ཚུགས་པ་རེད།
མི་སེམས་འགུལ་བའི་ལུས་རྩལ་ཐང་ནང་ཁུལ་གྱི་དཔལ་འབར་བརྒྱུད་སྤྲོད་དང་དཔལ་འབར་གཙོ་བོར་མེ་སྤོར་བའི་མཛད་སྒོ་འགོ་ཚུགས།
ཟླ་11ཚེས་2ཉིན། ཀོང་ཏུང་དང། ཤང་ཀང་། ཨའོ་མོན་བཅས་ས་གནས་གསུམ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་དཔལ་འབར་དུས་གཅིག་ཏུ་བརྒྱུད་སྤྲོད་བྱས་མཐར་ཀོང་ཏུང་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་སུ་གཅིག་ཏུ་བསྡུས་ཤིང་། སྐྱེ་བོ་ཀུན་གྱི་དོ་སྣང་འོག་མ་ལིན་དང་། ཁྲེན་རུའོ་ལིན། ཧོང་ཅིན་པའོ། ཧྥང་ཝུན་ཧའོ། ཀུའོ་ཅིང་ཅིང་། ཝང་ཤིན་ཡུས། ཝང་ལིའུ་དབྱི། ཝང་ཆན་དབྱི། ལེང་ཝེ་ཁེང་། ལའེ་ཤོན་ཀྲི། ཞན་ཏུང་མེ། རུང་ཀྲི་ཤིང་སོགས་དཔལ་འབར་བ་12ཀྱིས་གཅིག་རྗེས་གཉིས་མཐུད་ངང་དཔལ་འབར་བརྒྱུད་སྤྲོད་བྱས་མཐར་སུའུ་པིང་ཐེན་དང་། ཀྲང་ཅ་ལང་། ལི་དབྱི་གསུམ་གྱིས་མཉམ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོ་སྤར་བ་རེད།
ཆུ་ཚོད་21དང་སྐར་མ་27ལ། འགོ་ཚུགས་མཛད་སྒོ་བརྗོད་དོན་གཙོ་བོའི་གླུ་གཞས《གནམ་འོག་གཅིག་སེམས་གཅིག་ལ་སྦྲེལ》གྱི་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད་བདེ་བླག་ངང་མཇུག་འགྲིལ་བ་རེད།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ཟླ་11ཚེས་21ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། ཁྱོན་ལུས་རྩལ་པ་ཁྲི་1.4ལྷག་ཙམ་རྩལ་འགྲན་འགྲན་བསྡུར་རྣམ་གྲངས་ལ་ཞུགས་རྒྱུ་དང་། མང་ཚོགས་ཀྱི་ལུས་རྩལ་པ་ཁྲི་1.1ཙམ་མང་ཚོགས་འགྲན་བསྡུར་གྱི་བྱེད་སྒོར་ཞུགས་རྒྱུ་རེད།