ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལོ་ངོ་དྲུག་ཅུ་རེ་དྲུག་སོང་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་གཉེར་བ།

སྤེལ་དུས 2025-11-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
 
 འདི་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་གཞུང་ལམ་རྐང་འཁོར་གྱི་སྐྱེས་པའི་འགྲན་བསྡུར་བྱ་ཡུལ་ཡིན་པ།
  འདི་ནི་ཟླ་11ཚེས་8ཉིན། ཀོང་ཤིས་རུ་ཁག་གི་བདམས་ཐོན་པ་ཐང་ཀྲེན་ཁུན་གྱིས་སྐྱེས་པའི་ཐའེ་ཅི་དྲག་རྩལ་འགྲན་བཞིན་པ།
  འདི་ནི་ཟླ་11ཚེས་8ཉིན། ཁྲུང་ཆིང་རུ་ཁག་གི་སྤོ་ལོ་རྒྱག་མཁན་མེ་ཡུན་ཞི(གཡོན)ཡིས་འགྲན་བསྡུར་ཁྲོད་སྤོ་ལོ་བླུགས་བཞིན་པ།
  འདི་ནི་ཟླ་11ཚེས་8ཉིན། ཅང་སུའུ་རུ་ཁག་གི་སྤོ་ལོ་རྒྱག་མཁན་ཞུས་ཅ་ཤིང(སྟེང)གིས་འགྲན་བསྡུར་ནང་སྤོ་ལོ་འགོག་བཞིན་པ།
  ཟླ་11ཚེས་9ཉིན་གྱི་དགོང་མོར། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་གནས་གསུམ་གྱིས་མཉམ་དུ་སྒྲུབ་འགན་ཁུར་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།
  ཟླ་11ཚེས་2ཉིན་གྱི་ཕྱི་དྲོར་སྤེལ་བའི་དཔལ་འབར་བརྒྱུད་སྤྲོད་མཛད་སྒོའི་ཐོག་ཤང་ཀང་དང་། ཨའོ་མོན། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་གྲོང་ཁྱེར་4ཡི་དཔལ་འབར་གཅིག་ཏུ་འདྲེས་ཡོད།
  དེ་ནི་གཡོད་ཀང་ཨའོ་ས་གནས་གསུམ་གྱིས་རྒྱལ་ནང་གི་ཚད་གཞི་མཐོ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་མཉམ་དུ་གཉེར་ཐེངས་དང་པོ་ཡིན་ལ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཤང་ཀང་དང་ཨའོ་མོན་དུ་གཉེར་ཐེངས་དང་པོ་ཡང་རེད།
  ལོ་ངོ་དྲུག་ཅུ་རེ་དྲུག་སོང་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་གཉེར་བ་ལས་འཕོ་འགྱུར་གསར་པ་དེ་བས་མང་བ་མངོན་ངེས་ཡིན་པ་སྟེ། ཁུག་ཆེན་ཁུལ་གྱི་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། མཉམ་འདྲེས་འཕེལ་རྒྱས་ལམ་སྲོལ་གསར་གཏོད་ལ་སྐུལ་ཁྲིད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གྲུབ་འབྲས་དམངས་ཡོངས་ཀྱིས་མཉམ་སྤྱོད་སོགས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྒྱུར་བཅོས་གསར་གཏོད་དེ་དུས་རབས་ཀྱི་འཕར་རྩ་དང་དམ་པོར་སྦྲེལ་ནས་རྒྱུན་ཆད་མེད་པར་གསོན་ཤུགས་རྒྱས་བཞིན་ཡོད་པ་རེད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཀྱི་ཤོག་ངོས་གསར་རྐྱང་ཞིག་ཁ་ཕྱེ་ནས་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལུས་རྩལ་ཁྱབ་ཁོངས་ཀྱི་གསོན་ཉམས་དོད་པའི་ལག་ལེན་མངོན་རྒྱུ་རེད།
  ཟླ་11ཚེས་8ཉིན། ཚང་མས་དོ་སྣང་ཆེན་པོ་བྱེད་པའི་གཞུང་ལམ་རྐང་འཁོར་གྱི་སྐྱེས་པའི་འགྲན་བསྡུར་བྱས་ཤིང་། དེ་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལོ་རྒྱུས་ཐོག་གི་རྒྱལ་མཚམས་སྒྲོལ་བའི་རྐང་འཁོར་འགྲན་བསྡུར་ཐོག་མ་དེ་རེད་ལ། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གཡོད་ཀང་ཨའོ་ས་གནས་གསུམ་གཅིག་ཏུ་སྦྲེལ་བའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཀྱང་རེད། སྤྱི་ལེ་231.8ཀྱི་རྐང་འཁོར་འགྲན་ལམ་གྱིས་ཀྲུའུ་ཧའེ་དང་། ཨའོ་མོན། ཤང་ཀང་། ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་བཅས་མཉམ་དུ་སྦྲེལ་ནས་ཁུག་ཆེན་ཁུལ་གྱི་རི་མཚོ་དང་གྲོང་ཁྱེར་འབྲེལ་མཐུད་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་མཚོན་ཡོད།
  རིག་གནས་འབྲེལ་ཟམ་དུ་བྱས་ཏེ། ཁུག་ཆེན་ཁུལ་གྱིས་སེམས་མཐུན་མཉམ་སྐྱོད་ཀྱི་བརྩེ་སེམས་ཟབ་པའི་འབྲེལ་ཟམ་བརྟན་པོ་བསྐྲུན་ཡོད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་འགྲོ་བ་དང་ཆབས་ཅིག་གཡོད་ཀང་ཨའོ་ཡིས་མཉམ་འབྲེལ་ཐོག་སྤེལ་རེས་འགྲན་བསྡུར་དང་མཛའ་གྲོགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་བ་དང་། ས་གནས་གསུམ་གྱི་གཞོན་ནུ་ཚོས་ལུས་རྩལ་རྣམ་གྲངས་འགྲན་བསྡུར་བྱས་པ་ལས་མཛའ་གྲོགས་ཟབ་ཏུ་ཕྱིན་པ་མ་ཟད། མཐུན་ཆོས་ཀྱང་ཆེ་རུ་ཕྱིན་ཡོད།
  ད་ལོའི་ཟླ་བ་བདུན་པར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་ཀྱི་རྣམ་གྲངས་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ནང་གཡོད་ཀང་ཨའོ་ས་གནས་གསུམ་གྱི་ལུས་རྩལ་པ་ལས་གྲུབ་པའི་རུ་ཁག་གིས་ཚོགས་ར་ཡོངས་ཀྱི་ཡིད་དབང་བཀུག་ཡོད། ཁོང་ཚོས་མཉམ་དུ་སྦྱོང་བརྡར་དང་གར་སྟེགས་གཅིག་གི་ཐོག་ལག་གདང་སྦྲེལ་ནས་རྩལ་འགྲན་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། དེའི་ཐད་ཀོང་ཏུང་ཞིང་ཆེན་གྲུ་ཤན་འབྲུག་མགོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཝང་ཁྲང་ཡོན་གྱིས“གཡོད་ཀང་ཨའོ་སོགས་སུ་གྲུ་ཤན་འབྲུག་མགོའི་ལུས་རྩལ་ལ་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། རུ་མི་ཚོས་འགྲན་རའི་ཐོག་ཕྱར་བ་གྲུ་འདེགས་བྱས་པ་དེ་ནི་ལུས་རྩལ་གྱི་སྙིང་སྟོབས་མཚོན་ཚུལ་ཞིག་ཡིན་པ་མ་ཟད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཤ་རུས་གཅིག་ཏུ་འདྲེས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་རེད། མཐུན་སྒྲིལ་རོགས་རེས་ཀྱི་སྙིང་སྟོབས་དེ་རིགས་བརྒྱུད་སྤྲོད་བྱས་ནས་ཁུག་ཆེན་ཁུལ་གྱིས་ཁྱབ་ཁོངས་དེ་བས་མང་བར་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་ཁྲིད་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།
  སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་མ་འཚོག་གོང་། འགྲན་བསྡུར་རྣམ་གྲངས་མང་པོ་ཞིག་སྔ་སྣུར་དུ་འགོ་ཚུགས་ནས་རྣམ་གྲངས་མང་པོ་ཞིག་གིས་འཛམ་གླིང་རིམ་པའི་རྩལ་འགྲན་ཆུ་ཚད་མངོན་པས་འགྲན་རའི་ཕྱི་ནང་དུ་འགྲན་བསྡུར་གྱི་ཚ་རླབས་འཕྱུར་ཡོད་པ་རེད།
  ཟླ་བ་བཅུ་པར་སྤེལ་འགོ་ཚུགས་པ་ནས་བཟུང་མདའ་དང་ཐུང་མདའི་རྣམ་གྲངས་འགྲན་བསྡུར་ཁྲོད་མི་ཐེངས་10ཡིས་རྣམ་གྲངས་ཆུང་གྲས་5ཡི་ནང་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད། ན་གཞོན་བདམས་ཐོན་པ་མང་པོ་ཞིག་གིས་གཟེངས་སུ་ཐོན་པའི་རྩལ་ནུས་བཏོན་པས་རང་རྒྱལ་ལ་མདའ་འཕེན་རྣམ་གྲངས་ཀྱི་བྱང་ཆུབ་པའི་ཤེས་ལྡན་པ་མང་པོ་ཐོན་ཡོད། “ང་ཚོས་ཨོ་རྩལ་འགྲན་ཚོགས་ཀྱི་འཁོར་ཡུན་གསར་པར་གྲ་སྒྲིག་བྱེད་པའི་ངོས་ནས་བརྗོད་ན་འདི་ནི་སྐུལ་ལྕག་ཅིག་ཡིན”ཞེས་ཀྲུང་གོའི་ཐུང་མདའི་ཚ་ཁ་རུ་ཁག་གི་རུ་སྣེ་ཁྲིད་མཁན་ཏུའུ་ལིས་བཤད།
  ངོ་མཚར་ཆེ་བའི་འགྲན་བསྡུར་གཅིག་རྗེས་གཉིས་མཐུད་ངང་འགོ་ཚུགས་ནས་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་རྣམ་གྲངས་ཁག་གཅིག་གི་འགྲན་བསྡུར་དེ་བས་འཁྲུག་ཆ་དོད་ཅིང་། བདམས་ཐོན་པ་མི་ཉུང་བ་ཞིག་གིས“རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་གྱི་དཀའ་གནད་དེ་རྒྱལ་སྤྱིའི་འགྲན་བསྡུར་མང་པོ་ལས་ཀྱང་ཆེ་བ་ཡོད”རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་ལུས་རྩལ་པ་ཚོས་རང་ཉིད་ལས་རྣམ་པར་རྒྱལ་བ་དང་མཐོན་པོར་འཛེགས་ཕོད་པའི་སྙིང་སྟོབས་ཀྱིས་ཀྱང་མི་དེ་བས་མང་བར་སྐུལ་མ་ཐེབས་ངེས་རེད་ཅེས་མྱོང་ཚོར་ཟབ་མོས་བརྗོད།
  ལོ་37ལ་སླེབས་པའི་མཱ་ལུང་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་དྲུག་པ་ཡིན་ཞིང་། དེ་གོང་ཁོང་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་4དང་། དངུལ་གྱི་རྟགས་མ་3 ཟངས་ཀྱི་རྟགས་མ་4བཅས་ཐོབ་ཡོད། ད་རེས་མཱ་ལུང་ཚོགས་པའི་རྣམ་གྲངས་ཁོ་ནར་ཞུགས་ནས་རང་ཉིད་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ཚོགས་པའི་གསེར་གྱི་རྟགས་མ་དང་པོ་དེ་ལེན་རྩིས་ཡོད་པ་རེད། དེ་སྔོན་ཁོང་གིས་ད་ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་འདིར་ཞུགས་ཐེངས་མཇུག་ཤོས་ཡིན་ཞེས་བཤད་མྱོང་།
  སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོར་རྣམ་གྲངས་ཆེ་གྲས་23དང་རྣམ་གྲངས་ཆུང་གྲས་166བཀོད་སྒྲིག་བྱས་ཡོད་པ་དང་། མཐའ་བསྡུར་ལ་ཞུགས་མཁན་ལུས་རྩལ་པ་ཁྲི་ལས་བརྒལ་བ། གྲ་སྒྲིག་འགྲན་བསྡུར་དང་དེ་བཞིན“ང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཀྱི་ཡིན”ཞེས་པའི་འགྲན་བསྡུར་བྱེད་སྒོར་ཞུགས་མཁན་མི་ཚོགས་ཐེངས་ཁྲི་བརྒྱ་ལས་བརྒལ་ཡོད། “ལུས་རྩལ་ནི་མི་ཚང་མས་ལོངས་སྤྱོད་ཐུབ་པའི་འཚོ་བ་སྐྱེལ་སྟངས་ཤིག་ཡིན”ཞེས་པ་དེ་ནི་མི་དེ་བས་མང་བའི་ཐུན་མོང་གི་ངོས་འཛིན་དུ་འགྱུར་བཞིན་ཡོད།
  རྩལ་འགྲན་ལུས་རྩལ་གྱི་བཀོད་འདོམས་དབྱུག་པ་ནས་དམངས་ཚོགས་ལུས་རྩལ་གྱི་ཕན་སྐུལ་གཏོང་ཆས་བར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་དུས་རབས་ཀྱི་མཚམས་ཚིགས་དང་བསྟུན་ནས་འཕོ་འགྱུར་ཁྲོད་འཚར་ལོངས་བྱུང་བ་མ་ཟད། ཀྲུང་གོའི་ལུས་རྩལ་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་གཏོང་བཞིན་ཡོད།