སྡེ་ཚན་གཉིས་ཀྱིས་དྲ་རྒྱའི་ལས་སྟེགས་ཆེ་གྲས་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་གཏན་འབེབས་བྱེད་རྩིས་ཡོད་པ།
སྤེལ་དུས 2025-11-25
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། དྲ་རྒྱའི་ལས་སྟེགས་ཆེ་གྲས་ཀྱི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། མི་སྒེར་གྱི་ཆ་འཕྲིན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་དང་སྤྱི་བདེ་པུས《དྲ་རྒྱའི་ལས་སྟེགས་ཆེ་གྲས་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》ཚེས་22ཉིན་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཡོད། བསམ་འཆར་བསྡུ་ལེན་མ་ཟིན་ལ་གཞིགས་ནས་དྲ་རྒྱའི་ལས་སྟེགས་ཆེ་གྲས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འགན་འཁུར་བ་གཏན་འཁེལ་བྱ་རྒྱུ་མ་ཟད། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འགན་འཁུར་བའི་འབྲེལ་གཏུག་བྱེད་སྟངས་ཁྱབ་བསྒྲགས་ཀྱང་བྱ་རྒྱུ་རེད།
དྲ་རྒྱའི་ལས་སྟེགས་ཆེ་གྲས་ཀྱི་ངོས་འཛིན་ཐད། བསམ་འཆར་བསྡུ་ལེན་མ་ཟིན་ནང་བཏོན་དོན། བསམ་གཞིག་གཙོ་བོ་བྱེད་པའི་རྒྱུ་རྐྱེན་གྱི་ཁོངས་སུ། ཐོ་འགོད་བྱེད་མཁན་ཁྲི་5000ཡན་ནམ་ཡང་ན་ཟླ་རེར་སྤྱོད་མང་མཁན་ཁྲི་1000ཡན་ཟིན་པ་དང་། དྲ་རྒྱའི་ཞབས་ཞུ་གལ་ཆེན་མཁོ་འདོན་ནམ་ཡང་ན་གཉེར་སྐྱོང་ཁྱབ་ཁོངས་སུ་ལས་སྒོའི་རིགས་མང་པོ་ཚུད་པ། ཐག་གཅོད་ཟིན་པའི་གྲངས་གཞི་ཕྱིར་གྱར་བ་དང་། བཅོས་བྱེད་པ། གཏོར་སྐྱོན་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། དཔལ་འབྱོར་འཁོར་སྐྱོད། རྒྱལ་ཇུས་དམངས་འཚོ་སོགས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོ་བ་བཅས་ཚུད་ཡོད།
བསམ་འཆར་བསྡུ་ལེན་མ་ཟིན་ནང་བཏོན་དོན། དྲ་རྒྱའི་ལས་སྟེགས་ཆེ་གྲས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ལས་ཀའི་སྒྲིག་གཞི་ཁ་གསལ་བཟོས་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འགན་འཁུར་བའི་འགོ་ཁྲིད་འོག་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་སྤེལ་དགོས། དེའི་ཁྲོད་ནང་ཁུལ་གྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་དོ་དམ་ལམ་ལུགས་དང་། བཀོལ་སྤྱོད་བྱེད་ལུགས་དང་དེ་བཞིན་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཀྱི་དོན་རྐྱེན་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་ལག་བསྟར་བྱེད་པ་དང་། མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་། ཉེན་ཁར་ཚོད་སྐོར། སྲོལ་མཐུན་རྩིས་བཤེར། ཤུགས་རྐྱེན་ལ་ཚོད་སྐོར། འཕྲལ་སྡོམ་ནང་སྦྱོང་། དྲིལ་བསྒྲགས་དང་སློབ་གསོ་གསོ་སྦྱོང་སོགས་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཀྱི་ཉེན་ཁ་དང་དོན་རྐྱེན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་སོགས་ཚུད་ཡོད།