ཟླ་11ཚེས་13ཉིན། སྲིང་སྐུད་སྒམ་400བླུགས་པའི་ཟོག་འདྲེན་གྲུ་གཟིངས་ཤིག་ཧྲན་ཏུང་གྲུ་ཁའི་ཆིང་ཏའོ་གྲུ་ཁ་ནས་རྡོག་ཐོན་བྱས་ཏེ་ཕ་ཁི་སི་ཐན་གྱི་ཁཱ་ལ་ཆི་གྲུ་ཁར་སྐྱོད། ཧྲན་ཏུང་ཙོའུ་ཕིང་གྲོང་ཁྱེར་ཝེ་ཆའོ་འཁལ་འཐག་ལྗང་མདོག་རིག་ནུས་ཅན་གྱི་བཟོ་གྲྭར་ཕ་ཁི་སི་ཐན་ནས་འབྱོར་བའི་མངགས་ཐོ་ཟླ་གཉིས་ཀྱི་རྗེས་བར་བང་སྒྲིག་ཡོད།
“ད་ལོ་ཀུང་སིས་ཕྱི་ཕྱོགས་སུ་འགྲེམས་ཚོགས་ལ་ཧུར་ཐག་ཞུགས་ནས་རྒྱལ་སྤྱིའི་ཁྲོམ་ར་གསར་པ་རྒྱ་ཆེར་བཏང་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར་ཕ་ཁི་སི་ཐན་ལ་འཁལ་འཐག་ཐོན་རྫས་ཕྱིར་གཏོང་བསྡོམས་འབོར་དུས་མཚུངས་ལས་49.1%འཕར་བ་དང་ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་བསྡོམས་འབོར་དུས་མཚུངས་ལས་59.8%འཕར་ཏེ་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཀྱི་དུས་བབ་འོག་ཕྱིར་གཏོང་བརྟན་པོའི་ངང་འཕར་ཡོད”ཅེས་ཝེ་ཆའོ་འཁལ་འཐག་ཕྱིར་གཏོང་གི་འགན་འཁུར་བ་སུན་ཀྲེན་གོ་ཡིས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་པོར་བསྲུངས་ནས་སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་དང་། ལེགས་ཆའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་འཁལ་འཐག་ཐོན་རྫས་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་སྟོང་ཟིན་ནས་དུས་མཚུངས་ལས་2.1%འཕར་ཡོད། ཟླ་བ་དང་པོ་ནས་བརྒྱད་པའི་བར་འཁལ་འཐག་ལས་རིགས་ཀྱིས་རྒྱལ་ཁབ་དང་ས་ཁུལ་བཅུ་ཆ་བདུན་ཙམ་ལ་ཕྱིར་གཏོང་བྱེད་ཚད་འཕར་ཡོད།
ཕྱི་ཕྱོགས་ཚོང་དོན་གྱི་མཉེན་གཤིས་ལས་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནུས་པ་མངོན་ཞིང་། “རང་རྒྱལ་ལ་གོ་ལ་ཧྲིལ་པོར་ཆ་ཚང་ཤོས་དང་ཆ་ལག་ཚང་ཤོས་ཀྱི་དེང་རབས་་འཁལ་འཐག་ཐོན་ལས་མ་ལག་ཡོད་པས་ནང་གནས་ཀྱི་བརྟན་པོའི་རང་བཞིན་དང་རང་ངོས་སྙོམས་སྒྲིག་གི་ནུས་པ་ཆེན་པོ་ལྡན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་ཡོ་རོབ་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་སོགས་ཀྱི་ཁྲོམ་རར་ཕྱིར་གཏོང་ཐད་འཕར་བའི་རྣམ་པ་བཟང་པོ་མངོན་འགྱུར་བྱུང་ཡོད”ཀྲུང་གོ་འཁལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཐོན་ལས་པུའི་ཀྲུའུ་རེན་ལིའུ་ཤིན་གྱིས། ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་ཆ་དེ་བས་སྣ་མང་ཅན་དུ་འགྱུར་བར་བརྟེན་སྟོབས་ཤུགས་དང་གདེང་ཚོད་ལྡན་པའི་འཁལ་འཐག་ལས་རིགས་ཀྱི་མཉེན་གཤིས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
སྟོབས་དང་ལྡན་པའི་རྒྱལ་ནང་གི་ཁྲོམ་ར་ཆེན་པོར་བརྟེན་ནས་རྒྱ་ཆེའི་འཁལ་འཐག་ཁེ་ལས་ཀྱིས་ནང་མཁོའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་སྤུས་ལེགས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་རྒྱུན་མཐུད་རིམ་སྤོར་གྱི་རང་གཤིས་ཅན་དང་སྣ་མང་ཅན་གྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐངས་ཡོད།
ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་བཅད་གྲངས་ཡན་གྱི་གྱོན་ཆས་དང་། ལྷམ་དང་ཞྭ་མོ། འཁལ་འཐག་ཐོན་རྫས་རིགས་བཅས་ཀྱི་ཚོང་ཟོག་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.2ཟིན་ནས་དུས་མཚུངས་ལས་3.5%འཕར་བའི་ནང་ཟླ་10པར་སིལ་འཚོང་བསྡོམས་འབོར་མགྱོགས་ཙམ་འཕར་ནས་དུས་མཚུངས་ལས་6.3%འཕར་ཡོད། “ཕྱི་རོལ་གྱི་ལུས་རྩལ་དང་རིག་ནུས་འཁལ་འཐག་ཐོན་རྫས་བྲིན་ཁ་རྒྱུག་པ་དང་། དར་སོ་ཆེ་བ་དང་དཔེ་གསར་སྒྱུར་བ། ཐོན་རྫས་གསར་པའི་རིགས་དང་ལག་རྩལ་གསར་པ་མགྱོགས་མྱུར་བརྗེ་བ། གངས་འཁྱགས་དཔལ་འབྱོར་དང་དབུ་དཀར་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་རྐྱེན་གྱིས་འཁལ་འཐག་ཐོན་རྫས་ཀྱི་གྱོན་ཆས་འཛད་སྤྱོད་ལ་སྔར་བཞིན་ཁྲོམ་རར་གོ་སྐབས་ཆེན་པོ་ལྡན་ཡོད”ཅེས་ལིའུ་ཤིན་གྱིས་ངོ་སྤྲོད་བྱས།
འཛད་སྤྱོད་བྱེད་ཚད་དེ་མཁོ་སྤྲོད་ཕྱོགས་ཀྱི་གསར་གཏོད་རིམ་སྤོར་དང་ཁ་འབྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་འཁལ་འཐག་ལས་རིགས་ཀྱིས་ལག་རྩལ་གྱི་དཀའ་གནད་དང་སྲོལ་རྒྱུན་གྱི་རྣམ་པ་ལས་རྒྱུན་ཆད་མེད་པར་སྒྲོལ་ཏེ་ཐོན་ལས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་བཏོད་ཡོད།
ཀྲེ་ཅང་ཧྲའོ་ཤིན་ཁོ་ཆའོ་ཁུལ་དུ་ཀྲེ་ཅང་ཏུང་ཅིན་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་འཁལ་འཐག་གསར་པའི་ཐོན་རྫས་ཀྱི་སྤུས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པས་རྒྱལ་སྤྱིའི་ཚོང་རྟགས་ཆེན་པོ་མང་པོ་མཉམ་ལས་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཀུང་སིའི་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཤེ་ཕིང་ཕིང་གིས། ཀུང་སིས་ཆུ་འགོག་གི་ལག་རྩལ་སོགས་ཀྱི་དཀའ་གནད་སེལ་བ་དང་ཕྱི་རྒྱལ་གྱི་སྒེར་སྡེམ་ལས་རྣམ་པར་རྒྱལ་ཏེ་ཐོན་རྫས་རྗེས་བསྙེགས་ནས་མཉམ་སྐྱོད་དང་སྣེ་ཁྲིད་ལ་སྒྱུར་བར་འདེགས་སྐྱོར་ཐུབ་ཡོད། ད་ཆ་ཀུང་སིས་ལོ་ལྟར་ཐོན་རྫས་གསར་པ་བརྒྱ་ལྷག་ཙམ་ཁྲོམ་རར་བཏོན་པས། ད་ལོ་ཚུན་ཚོང་གཉེར་ཡོང་འབབ་དང་ཁེ་སྤོགས་འཕར་ཚད་10%ལས་བརྒལ་ཡོད་ཅེས་བཤད།
“མིས་བཟོས་ཁྲག་རྩ་དང་དམིགས་བསལ་འདྲེན་ཐག་ནས་རླངས་འཁོར་ནང་རྒྱན་གྱི་འབར་འགོག་ནུས་པའི་བར་འཁལ་འཐག་ལས་རིགས་ཀྱི་སྲོལ་རྒྱུན་ལས་རིགས་ཐད་གསར་གཏོད་ཀྱི་རྣམ་པ་མངོན་ཏེ། ནུས་རྒྱུ་གསར་པ་དང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། སྨན་བཅོས་བདེ་ཐང་སོགས་ཁྱབ་ཁོངས་སུ་མགྱོགས་མྱུར་སྣུར་སྲིང་ཐུབ་ཡོད། འཁལ་འཐག་གི་སྲོལ་རྒྱུན་རྣམ་པ་ལས་བརྒལ་ཏེ་དེང་རབས་འཁལ་འཐག་ལས་རིགས་ལ་ད་དུང་བར་མཐོངས་ཆེན་པོ་ལྡན་པས་འབྱུང་འགྱུར་འགྲན་ལམ་གསར་པ་དང་ཁྲོམ་ར་གསར་པ་དེ་བས་མང་བ་གཏོད་ཐུབ་ངེས་རེད”ཅེས་ཀྲེ་ཅང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འཁལ་འཐག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཆི་ཏུང་མིན་གྱིས་བཤད།
“‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་ཀྱི་གྲོས་གཞིའི་ནང་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་དང་སྟོབས་ཆེར་གཏོང་དགོས་ཞེས་བཏོན་ཡོད་པས་ལས་རིགས་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ‘ལོ་ལྔ་ཚན་བཅོ་ལྔ་པར’ཕྱོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ལས་རིགས་ཡོངས་ཀྱིས་ཚན་རྩལ་དང་། དར་སོ། ལྗང་མདོག སྐྱོན་བྲལ་བཅས་ལ་དམིགས་ནས་འཁལ་འཐག་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐོན་ལས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཀྲུང་གོ་འཁལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཚོགས་གཙོ་སུན་རུའེ་ཀྲེ་ཡིས་བཤད།