ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ད་ལོར་གློག་རྡུལ་ལོ་ཟོག་འདི་དག་གི་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག

སྤེལ་དུས 2026-02-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

            དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པ་དང་ཆབས་ཅིག་གང་སར་ལོ་ཟོག་ཉོ་སྒྲུབ་བྱེད་པའི་རྣམ་པ་འཁྲུག་ཆ་དོད་པར་སྣང་། 2026ལོའི་རྙིང་ཚབ་གསར་བརྗེའི་སྐུལ་ཁྲིད་འོག དུས་ཆེན་གོང་ཁྱིམ་སྤྱོད་གློག་ཆས་དང་། 3Cཐོན་རྫས། རླངས་འཁོར་སོགས་ཕྱིར་འཚོང་བྱེད་མང་དུ་སོང་བ་དང་། ཚན་རྩལ་ཐོན་རྫས་སྣ་ཚོགས་ཀྱི་ཚོང་ཁང་ནང་མི་ཚོགས་ཀྱིས་ཁེངས་ཡོད། ཁྱིམ་སྤྱོད་གློག་ཆས་གང་དག་ལ་དགའ་བསུ་ཐོབ་ཀྱི་ཡོད་དམ།ཁྱེད་ཀྱིས་རྙིང་ཚབ་གསར་བརྗེ་བྱེད་མྱོང་ངམ།

            2026ལོའི་རྒྱལ་ཁབ་ཀྱི་ཁ་གསབ་སྤྲོད་འགོ་བརྩམས་པས་ཁྱེད་རང་ནས་ཅི་ཞིག་ཉོ་བསམ་གྱི་འདུག་གམ།


            འཛད་སྤྱོད་པ་ཐེན་ལགས་ཀྱིས། ང་ནི་ཨ་ཕར་ལག་ཐོགས་ཁ་པར་ཉོ་བར་ཡོང་བ་ཡིན། རྙིང་ཚབ་གསར་བརྗེའི་སྲིད་ཇུས་བརྒྱུད་རྒྱལ་ཁབ་ཀྱིས་ཁ་གསབ་སྒོར500སྤྲད་པ་དང་། ཚོང་ཁང་གིས་ཀྱང་ཁ་གསབ་སྒོར200སྤྲད་བྱུང་ཞེས་གསུངས།

            ལོ་ཟོག་ནང་གི་ཚན་རྩལ། ཀྲུང་གོའི་རིག་ནུས་ཀྱི་མགྱོགས་ཚད་གསར་པ།

            ས་གནས་ཁག་གི་འཛད་སྤྱོད་པ་ཁག་ཅིག་གིས་གློག་རྡུལ་ལོ་ཟོག་ཉོ་བཞིན་ཡོད་པ་དང་། ཁག་ཅིག་གིས་དཔེ་གསར་གྱི་ཐོན་རྫས་ཉོ་སྒྲུབ་རྩིས་ཐོའི་ནང་བཅུག་ཡོད། དཔྱིད་གསར་དུས་ཆེན་དང་རིག་ནུས་ཚན་རྩལ་འཕྲད་དུས་ལོ་ཟོག་འཛད་སྤྱོད་ལ་འགྱུར་ལྡོག་ཅི་འདྲ་ཞིག་འགྲོ་བཞིན་ཡོད་དམ།


            ཁྱིམ་སྤྱོད་གློག་ཆས་ཚོང་ར་ག་གེ་མོའི་ཚོང་པ་ཀྲང་ཡན་གྱིས། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་གད་ཕྱིས་འཕྲུལ་མི་དང་འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས་སོགས་ཐོན་རྫས་འདི་དག་ལ་དོ་སྣང་བྱེད་མཁན་ཅུང་མང་ཙམ་འདུག དེང་སྐབས་ལས་ཐུན་པ་མི་ཉུང་བ་ཞིག་གིས་ཚལ་རྔོ་ཆས་ལའང་དོ་སྣང་ཆེན་པོ་བྱེད་བཞིན་འདུག་ཅེས་བརྗོད།

            རིག་ནུས་བཟོ་སྐྲུན་གྱིས་ཐོན་སྐྱེད་ཀྱི་རྣམ་པ་བསྐྱར་འཛུགས་བྱེད་བཞིན་པ་དང་། དུས་མཚུངས་སུ་སྔར་ལས་མང་བའི་རིག་ནུས་རྣམ་པ་མང་པོ་ཞིག་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་གསར་དུ་དར་ཡོད། ལག་ཐོགས་ཁ་པར་ཐུག་ཙམ་བྱས་ནས་ས་འོག་ལྕགས་ལམ་ནང་བདེ་བླག་ངང་འཛུལ་ཆོག་པ་དང་། མཛུབ་གུ་མནན་པ་ཙམ་གྱིས་མི་མེད་གནམ་གྲུས་བྲོ་ཞིམ་ཟས་སྐྱེལ་བ། ཚན་རྩལ་ནི་ཚབ་གྲངས་དང་རྩི་ཐབས་ཙམ་མ་ཡིན་པར་རིམ་བཞིན་གྲོང་ཁྱེར་ནང་གི་སྟབས་བདེ་དང་ལས་ཕྱོད་ཆེན་པོ་གྱུར་ཡོད།


            ཧེང་ཀྲོའུ་ཡི་ཚན་རྩལ་ཀུང་སི་ག་གེ་མོ་ཞིག་གི་ལས་མི་ཤའེ་ཧྲི་ཡུས་ཀྱིས། ཁྱེད་ཚོས2025ལོའི་ལོ་གསར་མཚན་ཚོགས་ཡིད་ལ་དྲན་གྱི་འདུག་གམ། སྐབས་དེར་ང་ཚོའི་འཕྲུལ་མི་དང་ཐོག་གར་སྟེགས་ཐོག་ཐོན་དུས་ཚང་མ་ཧ་ལས་པར་གྱུར་ཡོད། འོན་ཀྱང་དེ་དུས་དེ་ཚོའི་གོམ་འགྲོས་ཡང་ཅུང་འཁྱར་འཁྱོར་ཡིན་མོད། ཁྱེད་ཀྱིས་ད་ལྟ་གཟིགས་དང་། ང་ཚོའི་འཕྲུལ་མིས་ཞབས་བྲོ་འཁྲབ་ཤེས་པ་མ་ཟད། དྲག་རྩལ་དང་དཀའ་ཁག་ཆེ་བའི་འགུལ་སྐྱོད་དག་ཁོ་ཚོར་མཚོན་ན་གཞི་རྩའི་བཀོལ་སྤྱོད་ཡིན། ལོ་འདིའི་ནང་ལུས་རྩལ་ཚོད་འཛིན་རྩི་ཐབས་ཀྱི་འཕེལ་རྒྱས་ནི་ཧ་ལས་པ་ཞིག་ཡིན་ལ་གྲོགས་པོ་མང་པོ་ཞིག་གི་ཡིད་དབང་བཀུག་ནས་ལྟ་སྐོར་དུ་ཡོང་གི་འདུག་ཅེས་བརྗོད།

            འཕྲུལ་ཆས་མིས་དོན་ངོ་མར་ཅི་ཞིག་སྒྲུབ་ཐུབ་བམ་ཞེ་ན། ཤའེ་ཧྲི་ཡུས་ཀྱིས། རིང་མིན་ཁོ་ཚོ་བཟོ་གྲྭ་དང་རླངས་འཁོར་འབབ་ཚུགས་སུ་བསྐྱོད་དེ་བསྐྱར་ཟློས་དང་དཀའ་ཚེགས་ཆེ་བ་དང་། ཐ་ན་ཉེན་ཁ་ཆེ་བའི་ལས་ཀ་དེ་དག་སྒྲུབ་ཐུབ་ཀྱི་རེད། དེ་བས་ཐག་རིང་ཙམ་ནས་བརྗོད་ཚེ། དེ་དག་དེ་བས་སྤྱང་གྲུང་ལྡན་པ་དང་དེ་བས་བདེ་ལྕག་འཁྱུག་པ་ཞིག་ཏུ་འགྱུར་སྲིད་པས། གཅིག་བྱས་ན་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་དེ་ང་ཚོའི་འཚོ་བའི་རོགས་པ་ཡག་པོ་ཞིག་ཏུ་འགྱུར་སྲིད་ཅེས་བརྗོད།


རྩོམ་སྒྲིག་པ། རིག་གྲོལ།