ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་བསྐུར་ནས་གཏོང་སྤེལ་བྱས་པ།

སྤེལ་དུས 2026-03-17 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་15ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན》གྱི་ནང་དོན་ཆ་ཚང་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་བསྐུར་ནས་གཏོང་སྤེལ་བྱས་པ་རེད། ཟླ་3ཚེས་12ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་མ་ཟད། སྙན་སྒྲོན་དེར་ཆོག་མཆན་ཡང་གནང་བ་རེད།
  སྙན་སྒྲོན་ནང་ཕྱོགས་དྲུག་ཐད་ནས་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཕྱིར་མིག་བལྟས་པ་སྟེ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱས་པ་དང་། ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་སྲུང་བྱས་པ། ལྟ་སྐུལ་གྱི་འགན་འཁྲི་ཁུར་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་པ་གལ་ཆེན་གང་ལེགས་བཏོན་པ། འཐུས་མིའི་ལས་དོན་གཏིང་ཟབ་ཏུ་དང་རྒྱ་ཆེར་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་དེ་བས་ལེགས་པའི་ངང་བཏོན་པ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་གི་ཁྱད་ཆོས་དང་ལེགས་ཆ་བཏོན་ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུས་པ། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་འགན་ནུས་སྒྲུབ་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་བཅས་རེད།
  སྙན་སྒྲོན་ནང་སླད་ཕྱིན་ལོ་གཅིག་རིང་གི་ལས་འགན་བཀོད་སྒྲིག་བྱས་པ་སྟེ། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པ། ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་པ། འཐུས་མིས་ཁྲིམས་ལྟར་འགན་ནུས་སྒྲུབ་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ཧུར་ཐག་བྱེད་པ། “ལས་ཁུངས་བཞི”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་བཅས་རེད།