ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་དབུ་ཚོགས་སྐབས་བཅུ་པ་ཟླ3པའི་ཚེས21ཉིན་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཁོ་ལོམ་པི་ཡར་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པ་བཙུགས་པ་ནས་བཟུང་། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་དང་། ཐུན་མོང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ན་ནིང་ཟླ5པར། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པ་པེ་ཅིང་དུ་ལེགས་འགྲུབ་ལྡན་པའི་ངང་འཚོགས་པ་དང་། ང་རང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང་། འཕེལ་རྒྱས། ཤེས་དཔལ། ཞི་བདེ། དམངས་འཚོ་བཅས་ཀྱི་ལས་གཞི་ཆེན་པོ་ལྔ་ལག་བསྟར་བྱེད་འགོ་འཛུགས་པ་ཁྱབ་བསྒྲགས་བྱས་ཤིང་། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱིས་དེར་ལན་ཆ་ཧུར་ཐག་བྱས་ཡོད། ལོ་གཅིག་སོང་རིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཕྱོགས་གཉིས་པོས་རོགས་ལས་དམ་ཟབ་བྱས་པ་དང་། ལས་གཞི་ཆེན་པོ་ལྔ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཏུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས། ཕྱོགས་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་བྱས་ནས། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཕྱོགས་དང་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་རྩོམ་འབྲི་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
རྩོམ་སྒྲིག་པ། རིག་གྲོལ།