སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོའི་འབྲེལ་བར་ངེས་པར་དུ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་ཤར་གཏོང་ཐུབ་པར་བྱ་དགོས་པ་དང་། ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་མི་འདང་བའི་ཆ་གང་མགྱོགས་གསབ་ནས། ནང་མཁོ་དེ་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་དང་ཀ་སྟན་ལྟ་བུར་འགྱུར་བ་བྱ་དགོས་ཞེས་བསྟན་ཡོད།
དྭངས་གསལ་དུས་ཚིགས་རིང་། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འཛད་སྤྱོད་ཀྱི་ཡུལ་རྣམ་གསར་གཏོད་དང་། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སྒྱུར་ཧུར་ཐག་བྱེད་པ། འཛད་སྤྱོད་བྱ་གཞི་ཁག་འདོན་སྤེལ་བཅས་བྱས་ནས། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྒུལ་ནུས་ཆེན་པོ་སྣོན་བཞིན་ཡོད་པ་རེད།
དཔྱིད་རླུང་རྨ་ཆུའི་ངོགས་སུ་ལྡང་། མི་རྣམས་ཁམ་བུའི་མེ་ཏོག་ལྟ་བར་འོང་། དྭངས་གསལ་དུས་ཚིགས་ཀྱི་སྐབས་རྨ་ཆུའི་ངོགས་ཀྱི་མངར་ཁམ་སྡོང་པོ་དག་མེ་ཏོག་གིས་རབ་ཏུ་བརྒྱན་པའི་དུས་སུ་སླེབས་ཡོད་པ་དང་། རྨ་ཆུའི་རོང་ཤུར་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ས་ལར་རང་སྐྱོང་རྫོང་གི་ཁོར་ར་ཁོར་ཡུག་ཀུན་ཏུ་རྣམ་པར་བཞད་པའི་མངར་ཁམ་མེ་ཏོག་གི་མཛེས་དཔལ་ལ་མྱོང་རོལ་བྱེད་དུ་འོང་བའི་ཡུལ་སྐོར་བས་ཁེངས་ཡོད་པ་རེད། ཡུལ་སྐོར་བ་ཀ་ཞུའེ་དབྱི་ཡིས། ཁྱིམ་མི་ཁྲིད་ནས་ཞུན་ཧྭ་ཡི་མངར་ཁམ་མེ་ཏོག་གྲོང་དུ་ཡོང་བ་ཡིན། མེ་ཏོག་ཧ་ཅང་མཛེས་པོ་འདུག མི་ཡང་མང་པོ་འདུག ཧ་ཅང་སྐྱིད་པོ་བྱུང་ཞེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འཛད་སྤྱོད་ནུས་པ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཆ་རྐྱེན་ལེགས་སྒྱུར། འཛད་སྤྱོད་ཀྱི་ཡུལ་རྣམ་གསར་གཏོད་བཅས་བྱས་ཏེ། འཛད་སྤྱོད་བྱ་གཞི་ཁག་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་བསྟན་ཡོད། དྭངས་གསལ་དུས་ཚིགས་སྐབས་ནི་རྩྭ་རྩི་ཤིང་ལས་དཔྱིད་ཀྱི་དཔལ་ཉམས་རབ་ཏུ་འཕྱུར་བའི་དུས་ཚོད་ཅིག་ཡིན་པས། ས་གནས་ཁག་གིས་དཔྱིད་དཔལ་བརྗོད་གཞིར་བྱས་ནས། རང་བྱུང་མཛེས་ལྗོངས་དང་འཛད་སྤྱོད་ཀྱི་ཡུལ་རྣམ་གཞི་གཅིག་ཏུ་འདྲེས་པར་བྱེད་བཞིན་ཡོད།
ཐེན་ཅིན་གྲོང་ཁྱེར་ཝུའུ་ཏ་ཏའོ་རིག་གནས་ཡུལ་སྐོར་ཁུལ་དུ་སྐབས་བཞི་པའི་ཝུའུ་ཏ་ཏའོ་ཡི་ཧའེ་ཐང་མེ་ཏོག་དུས་ཆེན་གཉེར་ནས་འཛད་སྤྱོད་པ་དཔྱིད་དཔལ་ཉམས་སུ་མྱོང་བར་གདན་དྲངས་ཡོད་པ་དང་། མྱུར་འཁྲབ་འཁྲབ་སྟོན་དང་སྤེལ་རེས་རོལ་རྩེད། ཁྱད་ལྡན་གྱི་ཉེ་འཁོར་སོགས་བྱེད་སྒོས་གང་ས་ཅི་ཐད་ནས་དཔྱིད་ཀྱི་སྤྲོ་སྣང་ལ་རོལ་རྒྱུ་བྱུང་ཡོད། ཧོ་ཕིང་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཧྥེང་ཕན་གྱིས། འཁྲབ་སྟོན་ཐེངས་123གྱི་ཁྲོད། ཐེངས་70ཡི་ནང་སྤེལ་རེས་ནང་དོན་བཀོད་སྒྲིག་བྱས་ཡོད་པ་དང་། འཁྲབ་སྟོན་པ་དང་ཡུལ་སྐོར་བ་གདོང་དང་གདོང་ཐུག་ནས་སྤེལ་རེས་བྱེད་ཆོག་པས། ཧའེ་ཐང་མེ་ཏོག་དུས་ཆེན་ཐོག་ཧའེ་ཐང་མེ་ཏོག་ཕུད་པའི་མྱོང་རོལ་བྱེད་ས་མང་པོ་བཀོད་སྒྲིག་བྱས་ཡོད་ཅེས་བརྗོད།
གྲངས་གཞི་ལས་མངོན་པར། ས་ཁུལ་ཁག་གཅིག་གི་སློབ་གྲྭ་འབྲིང་ཆུང་གི་དཔྱིད་ཀའི་གུང་གསེང་དང་དྭངས་གསལ་དུས་ཚིགས་སྦྲེལ་ནས་བཀོད་སྒྲིག་བྱས་ཡོད་པས། ཁོམ་པ་དེ་དང་བསྟུན་ནས་ཡུལ་སྐོར་དུ་འགྲོ་འདོད་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད། སྔོན་དཔག་བྱས་ན། ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ཡུལ་སྐོར་དུ་འགྲོ་མཁན་གྱི་གཞི་ཁྱོན་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ་6ཙམ་འཕར་ཡོད།
ཡུལ་སྐོར་བའི་འགྲུལ་བཞུད་ལ་འགན་ལེན་བྱེད་ཆེད། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མང་ཤོས་སྐབས་ཀྱི་འགྲུལ་སྐྱེལ་འཆར་གཞི་ལག་བསྟར་བྱས་ཡོད་པ་དང་། པེ་ཅིང་ནས་ཀོང་ཀྲོའུ་བར་དང་། པེ་ཅིང་ནས་ཧྲང་ཧའེ་བར། པེ་ཅིང་ནས་ཧར་པིན་བར་སོགས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཨ་མས་མཚན་བགྲོད་མྱུར་བགྲོད་མེ་འཁོར་བཀོད་སྒྲིག་བྱས་ཡོད་པ་དང་། ཉིན་རེར་ཆ་སྙོམས་ཐོག་བཏང་བའི་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་ཁྲི་1.3ཟིན་པ་དང་། འགྲུལ་པ་མང་ཤོས་ཀྱི་ལམ་ཐིག་དང་འགྲུལ་པ་མང་ཤོས་ཀྱི་དུས་མཚམས་སུ་སྐྱེལ་འདྲེན་ནུས་ཤུགས་དུས་ཐོག་ཏུ་ཁ་སྣོན་བྱས་ཡོད་པ་རེད། ཀྲུང་གོ་ལྕགས་ལམ་ཁྲེན་ཏུའུ་ཅུས་ཁྲེང་ཏུའུ་འབབ་ཚུགས་ཀྱི་ལས་རེས་ཀྲུའུ་རེན་ཏེང་ཀྲེ་རྨི་ཡིས། དུས་ཆེན་སྐབས་ཏུའུ་ཅང་ཡན་གྱི་ཆུ་གློད་དུས་ཆེན་དང་ཧྥན་ཞི་ས་ཁུལ་གྱི་མེ་ཏོག་དུས་ཆེན་སོགས་གཅིག་ལ་གཅིག་འགྲན་གྱིས་གཉེར་བས། ང་ཚོས་ཁྲེན་ཏུའུ་ནས་ཏུའུ་ཅང་ཡན་བར་མེ་འཁོར་ཐེངས་གྲངས་108སྣོན་གཏོང་བྱས་པ་དང་། ཁྲེན་ཏུའུ་ནས་ཁུན་རྨིན་བར་མེ་འཁོར་ཐེངས་གྲངས་14སྣོན་གཏོང་བྱས་ནས། འགྲུལ་པ་རྣམས་དཔྱིད་དུས་ཡུལ་སྐོར་ལ་འགྲོ་བའི་འགྲུལ་བཞུད་ཀྱི་དགོས་མཁོ་སྐོང་བཞིན་ཡོད་ཅེས་བརྗོད།
འཛད་སྤྱོད་ཀྱི་སྣེ་གཅིག་ནི་སྤྱི་ཁོག་དཔལ་འབྱོར་དང་སྦྲེལ་ནས་ཡོད་པ་དང་། སྣེ་གཅིག་ནི་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་དང་སྦྲེལ་ནས་ཡོད་པས། གང་དེ་ནི་དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ལ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི་ཐད་ཀའི་མངོན་ཚུལ་ཞིག་ཀྱང་རེད། འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་ནི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བརྒྱུད། མི་དམངས་མང་ཚོགས་ཀྱིས་འཛད་སྤྱོད་ཀྱི་ཐབས་ལམ་བརྒྱུད་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་པ་ཞིག་ཡིན།
ཉིན་འདི་དག་རིང་། ཅང་སུའུ་ཞིང་ཆེན་གྱི་ས་ཆ་མང་པོ་ཞིག་གིས་རླངས་འཁོར་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་གསར་པ་སྤྱད་དེ་རླངས་འཁོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཡོད། ནན་ཅིང་གྲོང་ཁྱེར་ཅང་ཉིང་ཆུས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་4Sཚོང་ཁང་ཞིག་གི་ནང་། ཞིང་ཆེན་རིམ་པའི་ཁ་གསབ་དངུལ་གྲངས་མཐོ་ཤོས་ལ་སྒོར་བདུན་སྟོང་ཟིན་པ་དེས། འཛད་སྤྱོད་པ་མི་ཉུང་བ་དངོས་ཟོག་ཉོ་སྒྲུབ་བྱེད་པར་ཡིད་བཀུག་བྱས་ཡོད། ཚོང་རྟགས་ཞིག་གི་ཚོང་གཉེར་བ་སུང་ཅིན་དབྱང་གིས། མིག་སྔར་ང་ཚོའི་འདི་གར་གློག་མྱུར་གསོག་གི་ཐོན་རྫས་ཉོ་མཁན་བལྟོས་བཅས་ཀྱི་མང་བ་འདུག སྐུ་མགྲོན་དེ་སྔོན་དང་བསྡུར་ན་ལྡབ་གསུམ་ནས་བཞི་ཙམ་འཕར་ཡོད། སྤྱིར་བཏང་བྱས་ན་གཟའ་སྤེན་པ་དང་གཟའ་ཉི་མར་ཚོང་གཉེར་བ་མི་གཅིག་གིས་ཚོང་ཤག་ཁག་གཉིས་ནས་གསུམ་བར་ལ་སྣེ་ལེན་བྱེད་དགོས་ཀྱི་འདུག་ཅེས་བརྗོད།
གུང་གསེང་འདིར་གློག་བརྙན་གྱི་སྟོན་མོ་གཟབ་རྒྱས་ཤིག་ཀྱང་དུས་གཅིག་ཏུ་གཤོམ་བཞིན་ཡོད།
ད་ལོ། དྭངས་གསལ་དུས་ཚིགས་རིང་གློག་བརྙན་ཁག་མི་འདྲ་བ་20ལྷག་ཙམ་བསྟན་པའི་ནང་གསར་བརྗེའི་ལོ་རྒྱུས་ཀྱི་བརྗོད་གཞི་དང་། དྲོ་སྐྱིད་ལྡན་པའི་དངོས་ཡོད་རིང་ལུགས་ཀྱི་བརྗོད་གཞི། དོགས་སློང་འཆར་སྣང་དང་འཇིགས་སྐྲག་སོགས་སྣ་མང་ཅན་གྱི་གློག་བརྙན་ཚུད་ཡོད་པས་ལྟད་མོ་བར་གློག་བརྙན་ལྟ་བའི་གདམ་ག་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད་པ་རེད། ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་དངུལ་རྩའི་གླིང་ཕྲན་ཉེ་འགྲམ་གྱི་གློག་བརྙན་ཁང་ཞིག་ཏུ་གུང་གསེང་རིང་གློག་བརྙན་ལྟ་མཁན་མང་པོ་ཡོད། ལྟད་མོ་བ་ཀྲེང་ཧྲུའུ་ཡུའེ་ཡིས། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་གནམ་གཤིས་ཡག་པོ་འདུག ཁྱིམ་མི་ཁྲིད་དེ་འདི་གར་གློག་བརྙན་ལྟ་བར་ཡོང་བ་ཡིན་ཞེས་བརྗོད།
ད་ལོའི་ཟླ་གསུམ་པར་ཚོང་དོན་པུའུ་སོགས་སྡེ་ཚན་དགུ་ཡིས་《ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་མཚམས་ནང་འཛུལ་བའི་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས་》པར་འགྲེམས་བྱས་ཏེ། རང་རྒྱལ་གྱིས་འཛད་སྤྱོད་ཁྲོམ་ར་རྒྱ་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་རྒྱལ་སྤྱིའི་འཛད་སྤྱོད་ཁོར་ཡུག་གཏོད་པར་རམ་འདེགས་བྱས་ཡོད།
རང་བྱུང་མཛེས་ལྗོངས་ལ་ལྟ་བ་ནས་མི་ཆོས་རིག་གནས་ལ་རྒྱུས་ལོན་བྱེད་པའི་བར་དང་། འཛད་སྤྱོད་ཀྱི་འདུ་ཤེས་གསར་པ་ཉམས་སུ་མྱོང་བ་ནས་ཁྲོམ་གཞུང་རྙིང་པའི་ཁྱད་ཆོས་ལ་མྱོང་རོལ་བྱེད་པའི་བར། དུས་སྐབས་དེའི་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་བྱེད་དུ་ཡོང་བའི་སྤྲོ་སེམས་ལྷག་ཏུ་འཕེལ་ཡོད།
ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ཧྥུ་ཐེན་འགག་སྒོ་ནས་ཡོང་བའི་ཧྥ་རན་སིའི་ཡུལ་སྐོར་བ་སྨི་ཤེར་གྱིས་ཧྲེན་ཀྲེན་དུ་སྒྱུ་རྩལ་གྱི་དར་སྲོལ་གསར་པ་རྙེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས། དེ་གར་འགག་སྒྲོལ་གྱི་མྱོང་རོལ་ཧ་ཅང་ཡག་པོ་འདུག དངོས་གནས་ཡག་པོ་འདུག ང་རང་ཤར་སྒོ་དང་ཕྱིར་སྡོད་སྤུན་ཟླའི་གྲོང་གི་གསར་གཏོད་གླིང་དུ་འགྲོ་གི་ཡིན། གང་ལགས་ཞེ་ན། དེ་གར་སྒྱུ་རྩལ་ཀྱི་ལས་ཀ་བྱེད་མཁན་དང་སྤུས་དག་ཚོང་ཁང་མང་པོ་ཡོད་པས་ཡིན་ཞེས་བརྗོད།
རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་དང་། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ནས་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་སྐྱེད་པའི་བར། རང་རྒྱལ་གྱི་འཛད་སྤྱོད་རྒྱ་སྐྱེད་གཏོང་བའི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་བ་དང་དུས་མཚུངས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་གསོན་ཤུགས་སྦྱིན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།