རྒྱལ་ཁབ་སྟོབས་ཆེར་གཏོང་བར། ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ཆེར་གཏོང་དགོས། ཞིང་ལས་སྟོབས་ཆེར་ཕྱིན་ན། གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས། ཞིང་ལས་ཀྱི་རྨང་གཞི་སྔར་བས་བརྟན་པོ་དང་། གྲོང་གསེབ་ས་ཁུལ་སྔར་བས་དར་རྒྱས། ཞིང་པའི་འཚོ་བ་སྔར་བས་འབྱོར་ཕྱུག་བཅས་ཡོང་བར་སྐུལ་འདེད་བཏང་ནས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་ཏན་ཏན་ངང་སྐྱོད་དགོས་ཞེས་བསྟན་གནང་ཡོད།
དྭངས་གསལ་དུས་ཚིགས་ཀྱི་སྐབས་ནི་དཔྱིད་རྨོ་དཔྱིད་འདེབས་ཀྱི་དུས་ཚིགས་ཡག་པོ་ཞིག་ཡིན། ས་གནས་ཁག་གིས་ཞིང་དུས་དམ་འཛིན་གྱིས་ཞིང་ལས་ཐོན་སྐྱེད་ཀྱི་ལས་དོན་སྤེལ་བཞིན་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། མཐའ་ཡས་པའི་ཞིང་ནང་དུ་ཐོན་ལས་དར་རྒྱས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་རིས་ཤིག་གྲུབ་བཞིན་ཡོད་ཅིང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་གྱི་འཆར་འགོད་དེ་དཔྱིད་དུས་ཀྱི་དཀའ་སྤྱད་འབད་བརྩོན་ཁྲོད་མགྱོགས་མྱུར་མངོན་འགྱུར་ཡོང་བཞིན་ཡོད།
མིག་སྔར་རྨ་ཆུ་དང་ཧོའེ་ཧའེ་གཙང་པོ་དང་ནུབ་བྱང་ས་ཁུལ་གྱི་དགུན་གྲོའི་སྙེ་མགོ་ཐོན་གྲབས་ཡོད་པ་དང་། འབྲི་ཆུའི་དབུས་སྨད་རྒྱུད་དུ་སྙེ་མ་ཐོན་པ་དང་། ལྷོ་ནུབ་ཁུལ་དུ་སྙེ་མ་ཐོན་ནས་མིག་རྒྱག་པ་དང་། ཐོན་འབོར་འགྲུབ་པའི་འགག་རྩའི་དུས་སུ་སླེབས་ཡོད། ཧོ་ནན་ནན་དབྱང་ཏེང་ཀྲོའུ་གྲོང་ཁྱེར་ཝུན་ཆུས་གྲོང་རྡལ་ལི་ཝ་གྲོང་ཚོར། འཕྲུལ་འཁོར་གཏོང་མཁན་ཀྲུའུ་ཧན་ལུའུ་ཡིས་མི་མེད་རྩི་ཤིང་སྲུང་སྐྱོང་འཕྲུལ་འཁོར་བཀོལ་སྤྱོད་བྱས་ནས་འབུ་འགོག་སྨན་གཏོར་བཞིན་ཡོད། ཀྲུའུ་ཧན་ལུའུ་ཡིས། ཉིན་འདི་དག་རིང་། ང་ཚོས་མི་མེད་རྩི་ཤིང་སྲུང་སྐྱོང་འཕྲུལ་འཁོར་བཀོལ་སྤྱོད་བྱས་ཏེ། གཞི་ཁྱོན་ཆེན་པོའི་སྒོ་ནས་འབུ་འགོག་སྨན་གཏོར་བཞིན་ཡོད། ཉིན་རེར་འཕྲུས་ཆས་རེས་གཞི་ཁྱོན་ཆེན་པོའི་སྒོ་ནས་འབུ་འགོག་སྨན་གཏོར་ཚད་མུའུ་1000ཡན་ཟིན་ཡོད་ཅེས་བརྗོད་ཡོད།
ད་ལོ། ཏེང་ཀྲོའུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་2200བཏང་ནས་གྲོང་ཁྱེར་དེ་ཡོངས་ཀྱི་གྲོ་མུའུ་ཁྲི་220ལ་གཅིག་གྱུར་གྱི་“གཏོར་གཅིག་འགོག་གསུམ་”གྱི་ལས་དོན་བསྒྲུབས་ཡོད། ཧོ་ནན་ཞིང་ཆེན་རྩི་ཤིང་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་འཛིན་ཀྲང་གོ་ཡན་གྱིས། ད་ལྟ་ནས་ཟླ་བཞི་པའི་ཟླ་སྨད་བར། ཧོ་ནན་ཞིང་ཆེན་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་གྲོའི་སྙེ་དམར་བཙའ་ནད་གཙོ་བོར་བྱས་པའི་གྲོའི་ནད་འབུའི་གནོད་འཚེ་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་“གཏོར་གཅིག་འགོག་གསུམ་”གྱི་ལས་དོན་དམ་འཛིན་ཡག་པོ་བྱས་ནས། “གནོད་འབུའི་ཁ་ལས་འབྲུ་རིགས་འཕྲོག་ནས་ལོ་ལེགས་ལ་འགན་ལེན་”བྱེད་པའི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ཡིན་པ་དང་། གོམ་སྟབས་རྗེས་མར། དངོས་ཟོག་དང་ཞབས་ཞུའི་གྲ་སྒྲིག་སྔ་ཙམ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། རང་འགུལ་ངང་སྔོན་འགོག་བྱེད་པ་བཅས་བྱས་ཏེ། གནོད་འཚེ་དང་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་པ་དང་། ད་ལོའི་དབྱར་འབྲུར་ལོ་ལེགས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཞིང་ལས་དང་གྲོང་གསེབ་པུའི་འདེབས་འཛུགས་ལས་རིགས་དོ་དམ་སིའི་སི་ཀྲང་གཞོན་པ་ལུའེ་ཞིའུ་ཐའོ་ཡིས། མིག་སྔར། རྒྱལ་ཡོངས་ཀྱི་གྲོའི་ཐོན་ཁུལ་གཙོ་བོའི་གྲོའི་མྱུ་གུ་སྐྱེ་འཚར་སྤྱིར་ན་རྒྱུན་གཏན་དང་འདྲ་པོ་ཡིན། འོན་ཀྱང་དུས་དཀྱིལ་དང་དུས་མཇུག་ཏུ་ད་དུང་ལོ་ཏོག་སྐྱེ་འཚར་མཚམས་འཇོག་བྱེད་པ་དང་། ནད་འབུའི་གནོད་འཚེ། “དཔྱིད་ཀར་གྲང་རླུང་ལྡང་བ།” སྐམ་ཤས་ཆེ་བའི་ཚ་རླུང་ལྡང་བ། ཆར་པ་རྒྱུན་ཆད་མེད་པར་འབབ་པ་སོགས་ཀྱི་གནོད་འཚེ་ལས་ཐར་ཐུབ་པ་བྱེད་དགོས་པས། གནོད་འགོག་གནོད་སེལ་བྱས་ཏེ་ལོ་ལེགས་ཡོང་བ་བྱེད་པའི་ལས་འགན་ཅུང་ལྕི་པོ་ཡོད། ཞིང་ལས་དང་གྲོང་གསེབ་པུས་ཕྱོགས་གཅིག་ནས་ཞིང་ནང་གཡོག་བྱེད་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལ་དམ་འཛིན་བྱས་ཏེ། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་དང་གནད་སྨིན་མཛུབ་ཁྲིད་ཀྱིས་ཞིང་ལས་ལག་རྩལ་གྱི་ཉིན་བརྒྱའི་བྱ་སྤྱོད་དང་། ཞིང་ལས་ལག་རྩལ་པ་གྲོང་ཚོར་བསྐྱོད་དེ་དུད་ཚང་འགན་ལེན་དང་གཙོ་གཟུགས་འབྲེལ་གཏུག་བྱེད་པ། ཚན་རྩལ་ཡན་ལག་རུ་ཆུང་འཐབ་ཕྱོགས་དང་པོར་གནས་སྡོད་མཛུབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ་དང་གྲོའི་དུས་དཀྱིལ་དང་དུས་མཇུག་གི་ཞིང་ནང་གཡོག་བྱེད་ལག་རྩལ་བསམ་འཆར་བཟོས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། ནད་འབུའི་སྔོན་འགོག་ཚོད་འཛིན་བཅས་ལ་དམ་འཛིན་ནན་པོ་བྱས་ཐོག ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་འདྲེན་པ་དང་“གཏོར་གཅིག་འགོག་གསུམ་”སོགས་ཀྱི་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་འབྲུ་རིགས་བདེ་འཇགས་ནི་རྨང་གཞི་ཡིན། ས་བོན་ལས་རིགས་དར་རྒྱས་གཏོང་བ་ནི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མངོན་འགྱུར་ཡོང་བར་བྱེད་པའི་གནད་འགག་ཡིན། ཧའེ་ནན་སན་ཡ་ནན་ཧྥན་སོན་གསོ་ཆེད་ཁུལ་གྱི་ཚོད་ལྟའི་ཞིང་ནང་དུ། ལུས་ལ་སྟོད་གོས་དཀར་པོ་གྱོན་པའི་ཚན་ཞིབ་མི་སྣས་མ་རྨོས་ལོ་ཏོག་གི་སོན་གསོའི་ཚན་ཞིབ་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྒྱལ་ཁབ་ནན་ཧྥན་ཞིབ་འཇུག་ཁང་གི་མཆོག་རམ་པ་ལི་ལི་ནཱ་ཡིས། ང་ཚོའི་ཚོགས་པས་མ་རྨོས་ལོ་ཏོག་གི་སོན་གསོར་དམིགས་ནས་རྒྱུན་མཐུད་ངང་འགག་གཏོར་བྱེད་བཞིན་ཡོད། མ་རྨོས་ལོ་ཏོག་གི་སོན་གསོའི་ཐོག་“ཕྱོགས་སྟོན་”དང“མྱུར་ཚད་མགྱོགས་སུ་གཏོང་ཆས་”སྒྲིག་སྦྱོར་བྱས་ཡོད་པས། མ་རྨོས་ལོ་ཏོག་གི་སྤུས་ཚད་གནད་སྨིན་ལེགས་སུ་གཏོང་ཐུབ་པ་མ་ཟད། སྲོལ་རྒྱུན་གྱི་སོན་གསོར་དུས་འཁོར་ལོ་8ནས་10བར་དགོས་པ་དེ་ལོ་1ནས་2བར་ཐུང་དུ་གཏོང་ཐུབ་ཀྱི་ཡོད། སྤུས་ལེགས་སོན་རིགས་དེ་བས་མགྱོགས་པའི་སྒོ་ནས་ནན་ཧྥན་གྱི་ཚོད་ལྟའི་ཞིང་ནང་ནས་མང་ཚོགས་ཀྱི་ས་ཞིང་ཐོག་སྤྱོད་ཐུབ་པ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
ཐོན་ལས་དར་རྒྱས་བྱུང་ན། གྲོང་གསེབ་ལ་གསོན་ཤུགས་ལྡན་པ་དང་ཞིང་པར་རེ་བས་ཕྱུག སི་ཁྲོན་ནན་ཁྲུང་གྲོང་ཁྱེར་དབྱི་ལུང་རྫོང་རི་ཤིང་གྲོང་རྡལ་ལི་མིང་གྲོང་ཚོའི་རི་ཁུག་ཏུ་ཆགས་པའི་ལེ་སྙུག་རྩའི་ཐོན་ལས་གླིང་དུ་ལོ་ལེགས་ཀྱི་དུས་ཚིགས་ཤར་ཡོད། འདམ་རྫབ་ཀྱི་འོག་ཏུ། སྨྱུག་རྩ་རེ་རེ་གསོན་ཤུགས་ཀྱིས་ཁེངས་ཏེ་རྩེ་མོ་ཕྱིར་མངོན་བཞིན་ཡོད། ཐོན་ལས་གླིང་གི་འགན་འཁུར་བ་ལི་ཧྲོང་ལིན་གྱིས། ད་ལོ་ཉིན་རེར་རྒྱ་མ་1000ལྷག་ཙམ་དང་དུས་ཡུན་ཟླ་བ་གཉིས་ལྷག་ཙམ་བརྐོ་ཐུབ་པས། ཁྱོན་རྒྱ་མ་ཁྲི་6ནས་7བར་བརྐོ་ཐུབ། མིག་སྔའི་ཁྲོམ་རའི་གནས་ཚུལ་ལ་གཞིགས་ན། ཡང་འབབ་སྒོར་ཁྲི་30ནས་40ཙམ་ཡོང་ཐུབ་ཅེས་བརྗོད་ཡོད།
《ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་འཆར་འགོད(2024ལོ་ནས་2035ལོའི་བར་)》ཁྱབ་བསྒྲགས་བྱས་ནས་ལོ་གཅིག་སོང་རིང་། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་བ་དང་། ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་ཀྱི་མཁོ་སྤྲོད་འདང་ངེས་བྱུང་ནས། ཀྲུང་གོ་བའི་ལྟོ་ཕོར་ལག་ཏུ་བརྟན་པོར་འཛིན་ཐུབ་པ་བྱུང་ཡོད། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་པོར་འགྱུར་བ་དང་དབུལ་ལོག་མི་ཐེབས་པའི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་ཡོད། ཚན་རྩལ་སྒྲིག་ཆས་ཀྱི་འདེགས་སྐྱོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། འཚོ་སྡོད་ལས་གཏོད་དང་འཚམ་པའི་ཞི་མཐུན་མཛེས་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས། དམངས་འཚོའི་ཕན་བདེ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོའི་ངང་སྤོ་བར་སྐུལ་འདེད་གཏོང་བཞིན་ཡོད།
ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཀྲང་ཤིན་ཝང་གིས། 2026ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་པའི་ལོ་ཡིན་པས། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། གྲོང་གསེབ་ལ་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་པ་བྱེད་པ། ཞིང་པའི་འཚོ་བ་སྔར་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཆེད་འདེགས་སྐྱོར་ནུས་ལྡན་བྱ་དགོས་ཞེས་བསྟན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།