ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། གསར་འགོད་པས་པེ་ཅིན་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་གསལ་ལྟར་ན། ལྔ་པའི་ཚེས་ལྔའི་གུང་གསེང་རིང་པེ་ཅིན་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི846.6ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་འགྲོ་སོང་བསྡོམས་པས་སྒོར་དུང་ཕྱུར113.5བཏང་ཡོད། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཁྲུག་ཆ་དོད་པོར་གྱུར་ཞིང་། པེ་ཅིན་གྱིས་རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ་མི་ཐེངས་ཁྲི8.7ལ་སྣེ་ལེན་ཞུས་པ་དེ་དུས་མཉམ་ལས31.2%འཕར་བ་དང་། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བའི་འགྲོ་སོང་སྒོར་དུང་ཕྱུར9.5ཟིན་པ་དེ་དུས་མཉམ་ལས31.4%འཕར་ཡོད།
ད་ལོའི་ལྔ་པའི་ཚེས་ལྔའི་གུང་གསེང་རིང་། པེ་ཅིན་གྱིས“ལྔ་པའི་ཚེས་ལྔར་ལོངས་སྤྱོད་དང་པེ་ཅིན་དུ་ཡུལ་སྐོར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཁག་ལྔའི་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ2000ཙམ་སྤེལ་བ་རེད། པེ་ཅིན་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་དབྱར་དུས་ཀྱི་སྤྲོ་འཆམ་བརྗོད་དོན་གཙོ་བོའི་ལམ་ཐིག10ཁྱབ་བསྒྲགས་བྱས་ནས། གུང་གསེང་རིང་ཕ་མ་དང་བུ་ཕྲུག་གི་སྤྲོ་གསེང་ལ་སྐུལ་ཁྲིད་བྱས།
འཁྲབ་སྟོན་ཁྲོམ་རའི་ཐད། ལྔ་པའི་ཚེས་ལྔའི་གུང་གསེང་རིང་པེ་ཅིན་དུ་ཁྱོན་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན280དང་འཁྲབ་ཐེངས1136གཉེར་བ་དང་། 2026ལོའི་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་རྒྱལ་སྤྱིའི་ཟློས་གར་དུས་ཚིགས་དང་། 2026ལོའི་སྐབས་བཞི་པའི་མཁའ་ཟམ་ཞབས་བྲོའི་འཁྲབ་སྟོན་དུས་ཚིགས་སོགས་ཀྱི་འཁྲབ་སྟོན་མང་པོ་བྱས་ནས་འཁྲབ་སྟོན་རྩེ་གྲ་རབ་དང་རིམ་པ་བྱས་ཡོད།
“འགྲེམས་སྟོན་དང་མཉམ་དུ་པེ་ཅིན་དུ་ཡུལ་སྐོར་བྱེད་པ”དེ་གུང་གསེང་སྐབས་ཀྱི་ཡུལ་སྐོར་དར་སྲོལ་གསར་བ་ཞིག་ཏུ་གྱུར་ཡོད། པེ་ཅིན་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག10བཏོན་ནས། ཏུན་ཧོང་སྒྱུ་རྩལ་འགྲེམས་སྟོན་ཆེན་མོ་སོགས་འགྲེམས་སྟོན20ལྷག་མཐའ་འཁོར་གྱི་རིག་གནས་ར་བ་དང་། ལོ་རྒྱུས་ཁྲོམ་ཁུལ། ཁྱད་ལྡན་ཚོང་ར་བཅས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། ཁྲོམ་གཞུང་དང་ཚོང་རའི་རིག་གནས་ཡུལ་སྐོར་མཉམ་འགུལ་འཛད་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།
རྩོམ་སྒྲིག་པ། རིག་གྲོལ།