ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དམངས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་རེ་རེ་བཞིན་ལེཌ་པར་བསྒྲུབ་དགོས།

སྤེལ་དུས 2026-08-05 ཡོང་ཁུངས། རྩོམ་པ་པོ།

             ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་བྱས་ཐོག དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་ཤུགས་སྣོན་དང་། མི་དམངས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བས་སྔར་བས་བཏང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་བདེ་སྐྲུན་བཞིན་ཡོད་པ་རེད།

             ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཆེད་དུ་དབུ་བརྙེས་པ་དང་མི་དམངས་ཀྱི་དབང་གིས་དར་རྒྱས་བྱུང་བ་ཞིག་རེད། ད་ལོའི་ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་ཏང་གི་ཕུལ་བྱུང་ཁྱད་གཤིས་ཁྲོད་ཀྱི་དོན་ཚན་གཅིག་ནི། “མི་དམངས་ཀྱི་ཁྲོད་དུ་རྩ་བ་གཏིང་ཟབ་ཚུགས་པ་ན། ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པའི་རྨང་གཞི་ལྡན་”ཞེས་པ་དེ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་“ངེས་པར་ལྔ་”ཡི་ནང་གི་དོན་ཚན་གཅིག་ནི་“ངེས་པར་དུ་མི་དམངས་ལ་ལེགས་པར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གཏོད་དགོས་”ཞེས་པ་དེ་ཡིན།

             ཞི་ཅིན་ཕིང་གིས། རང་རེའི་ཏང་གིས་རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས། བློ་བརྟན་འགྱུར་མེད་ངང་མི་དམངས་དང་མཉམ་དུ་ལངས་པ་དང་། མཉམ་དུ་བསམ་བློ་གཏོང་བ། མཉམ་དུ་ལས་དོན་སྒྲུབ་ཀྱི་ཡོད་པས། རླུང་རླབས་གང་རུང་ཞིག་གིས་ཀྱང་གཡོ་འགུལ་གཏོང་མི་ཐུབ་པའི་རྨང་གཞི་བརྟན་པོ་ལྡན་ཡོད་ཅེས་གསུངས་ཡོད།

             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་བའི་མཛད་བྲེལ་ཆེ་བའི་ཕྱག་ལས་ལས་རིམ་ཁྲོད། མི་དམངས་ནི་ཐོག་མཐའ་བར་གསུམ་དུ་ཁོང་གིས་ཐུགས་ཁྲལ་ཆེ་ཤོས་གནང་ས་དེ་ཡིན།

             རྟེན་འབྲེལ་ཚོགས་ཆེན་གྲོལ་རྗེས་ས་གནས་ལ་རྟོག་ཞིབ་ཐེངས་དང་པོ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་པན་སུང་ཡོན་ལམ་ཁྲོམ་གཞུང་གི་ཧྲི་རྨིན་གྲོང་གསར་གྱི་གྲོང་མིའི་ཁུལ་དུ་ཕེབས་ཡོད། ལོ་ཤས་གོང་། དེ་གར་ནི་ད་དུང་ཉེ་རྒྱང་ཀུན་ཏུ་སྐད་གྲགས་ཆོད་པའི་“རྙིང་རལ་ཆུང་”གི་གཞིས་ཁུལ་རྙིང་པ་ཡིན་ཏེ། གྲོང་མི་མང་པོ་ཞིག་གིས་ཆབ་ཏོག་འཁྱེར་ནས་བཙོག་གཅིན་ཕྱི་རུ་གཤོ་དགོས་པའི་འཚོ་བ་སྐྱེལ་གྱི་ཡོད། ད་ཆ། བསྐྱར་སྐྲུན་དང་རྙིང་ཚབ་གསར་བརྗེ་བྱས་པ་བརྒྱུད། དེ་གར་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལོ་འདི་དག་རིང་གི་འགྱུར་ལྡོག་ཆེན་པོ་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། དམངས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་རེ་རེ་བཞིན་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཧྲི་རྨིན་གྲོང་གསར་གྱི་གྲོང་མིའི་ཁུལ་གྱི་གྲོང་མི་ཀྲུའུ་གོ་ལི་ཡིས། ད་ཆ་ང་ཚོར་སོ་སོའི་ཐབ་ཚང་དང་གསང་སྤྱོད་ཡོད་པས། སྟབས་བདེ་རུ་ ཤུགས་ཆེན་ཕྱིན་སོང་ཞེས་བརྗོད་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་དམངས་ཀྱི་ཁྱིམ་ཚང་ནང་གི་དོན་དག་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ཅིང་། དོན་དག་རེ་རེ་བཞིན་བཀའ་འདྲི་ཞིབ་ཕྲ་གནང་གི་ཡོད།

             དམངས་ཀྱིས་སྡོད་གནས་བདེ་ལ་བརྩི་བས། སྡོད་གནས་བདེ་ན་ད་གཟོད་རང་གི་ལས་ཀར་སྤྲོ་བ་འཕེལ་ཐུབ། དམངས་འཚོ་ལེགས་བཅོས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་གོང་འཕེལ་གཏོང་དགོས།

             ད་ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ལིང་ཁྲེང་ཆུས་པེན་ལིན་གྲོང་རྡལ་ཤིས་ཡུས་ཅ་གྲོང་ཚོའི་གྲོང་མི་ཡུས་ཤིན་ཧུའེ་ཡི་ཁྱིམ་དུ་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོའི་ནང་མི་དང་མཉམ་དུ་བཞུགས་ནས་ཅི་འཕྲོས་མོལ་འཕྲོས་གནང་ཞིང་། ལས་ཞུགས་ཡོང་འབབ་དང་རྒན་རྒོན་གྱི་བདེ་ཐང་། ཕྲུ་གུའི་སློབ་སྦྱོང་བཅས་ཚང་མའི་སྐོར་ལ་གླེང་མོལ་གནང་ཡོད། དེ་ནི་ཁྱིམ་ཚང་གཅིག་གི་དོན་ཆུང་ཞིག་ཡིན་ལ། ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་དགྱེས་ཚོར་ཆེན་པོའི་ངང་ནས། ཁྱེད་ཚོས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་དང་། ཁོང་གིས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དེ་མཐར་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ཐོག་འཁྱོལ་བ་བྱེད་དགོས་ཞེས་བསྟན་གནང་ཡོད།

             ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། རྒྱང་ལམ་གསར་པའི་ཐོག་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་གོང་འཕེལ་བཏང་ནས། ང་ཚོའི་མང་ཚོགས་རྣམས་སྔར་བས་བདེ་སྐྱིད་ལྡན་པའི་གྱི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད།

             མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཡོང་བ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན་”ཡིན། ལོ་འདི་ཤར་ཚུན། གྲོང་ཁྱེར་ནས་གྲོང་གསེབ་བར་དང་། ཚོགས་འདུ་གལ་ཆེན་ནས་ས་གནས་ལ་རྟོག་ཞིབ་གནང་བའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཉེ་འགྲམ་གྱི་དོན་དག་ཆེ་ཆུང་ཚང་མར་ཐུགས་ཁྲལ་གནང་གི་ཡོད།

             དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་པེ་ཅིང་གྲོང་ཁྱེར་ཤིས་ཁྲེང་ཆུས་པེ་ཚའོ་ཁྲང་སྲང་ལམ་གྱི་“ཝུའུ་ལའོ•ཁྲོམ་གཞུང་གསར་པ་”ཡི་རྒན་གསོའི་ཞབས་ཞུའི་ཁྲོམ་གཞུང་དུ་ཕེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། རྒན་བཀུར་རྒན་འདུད་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་པ་དང་། རྒན་གཅེས་རྒན་རོགས་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིགས་ཁག་གི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ནས། རྒན་གསོའི་ཞབས་ཞུའི་ཤོང་ཚད་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བ་དང་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒན་རྒོན་ཚོས་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལ་རོལ་ཐུབ་རྒྱུར་དེ་བས་ལེགས་པའི་ཆ་རྐྱེན་བསྐྲུན་དགོས་ཞེས་བསྟན་གནང་ཡོད།

             ཞི་ཅིན་ཕིང་གིས། རང་གི་རྒན་རབས་ལ་བཀུར་བ་བཞིན། གཞན་གྱི་རྒན་རབས་ལ་བཀུར་དགོས་ཤིང་། ང་ཚོས་“རྒན་བྱིས་གཉིས་”ལ་ད་དུང་སེམས་ཁུར་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད།

             ད་ཆ། ཝུའུ་ལའོ•ཁྲོམ་གཞུང་གསར་པའི་རྒན་གསོའི་ཞབས་ཞུའི་ཁྲོམ་ཁུལ་གྱིས་གེགས་མེད་དང་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། རྒན་རྒོན་ལ་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད།

             ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། མྱུར་སྐྱེལ་བ་དང་དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ། གློག་རྡུལ་ཚོང་དོན་གྱི་ལས་གཉེར་མི་སྣ་སོགས་ལས་ཞུགས་མི་ཚོགས་གསར་པ་ནི་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་མཁན་དང་གསར་གཏོད་བྱེད་མཁན། སྲུང་སྐྱོང་བྱེད་མཁན་བཅས་ཡིན། ཤིན་ཅེ་ཁོའུ་ཁྲོམ་གཞུང་གི་ཕ་མའི་ཟ་ཁང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གར་ངལ་གསོ་རྒྱག་བཞིན་པའི་མྱུར་སྐྱེལ་བ་གཟིགས་དུས། ཁོང་ཚོའི་ལས་ཀ་དང་འཚོ་བར་ཐུགས་ཁུར་དང་བཀའ་འདྲི་གནང་བ་དང་། ཁོང་ཚོས་དཀའ་བ་སྤྱད་པ་དང་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་གནང་ཡོད།

             ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ནང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་ཡོད། རྩ་གནད་ནང་བཀོད་སྒྲིག་བྱས་པའི་དམིགས་ཚད་གཙོ་བོ་ཁག་20ཡི་ཁྲོད། དམངས་འཚོའི་བདེ་སྐྱིད་རིགས་ཀྱི་དམིགས་ཚད་ཀྱིས་བསྡུར་ཚད་མཐོ་ཤོས་བཟུང་ཡོད་པ་དང་། དེ་དག་ནི་ལས་ཞུགས་དང་ཡོང་འབབ། སློབ་གསོ། བདེ་ཐང་། རྒན་གསོ།  བཅོལ་གསོ་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་གནད་དོན་དེ་རིགས་ལ་ཁྱབ་ཡོད།

             ནུབ་ཁའི་ཉི་མ་སྔར་བས་དྲོ་བ་དང་། ཞོགས་པའི་ཉི་གཞོན་སྔར་བས་བཀྲག་མདངས་འཚེར་བར་བྱེད། ད་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་དུ། སྤྱི་ཁྱབ་ཧྲུའུ་ཅིས་ཕྲུ་གུ་ཚོར་བདེ་སྐྱིད་ལ་གཅེས་འཛིན་གྱིས་འབད་འབུངས་ཡར་བརྩོན་བྱས་ཏེ། ཞུང་ཨན་ཁུལ་གསར་དང་མཉམ་དུ་འཚར་ལོངས་ཡོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་མཉམ་དུ་གོང་འཕེལ་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད།

             ཞི་ཅིན་ཕིང་གིས། ཡང་འབད་བསྐྱར་འབད་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ནས། ང་ཚོའི་ཕུལ་བྱུང་གི་མི་རབས་ཤིག་ཏུ་འགྱུར་བར་བྱ་དགོས་ཞེས་གསུངས་ཡོད།

             འབྱུང་ཁམས་ཁོར་ཡུག་ཡག་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་དང་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན། ཟླ་3པའི་ཟླ་མཇུག་ཏུ། རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱི་ཚོགས་ཡོངས་ནས་རྒྱ་ཁྱབ་ངང་ཤིང་འཛུགས་ནགས་བཟོའི་ནང་ཞུགས་རྒྱུར་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། རི་ཀླུང་ཀུན་ཏུ་མཛེས་སྡུག་རྣམ་པར་བཀྲ་བར་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གཞི་མདངས་སྔར་བས་བཀྲག་མདངས་འཚེར་བར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

             ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་ནི་གོ་ལ་ཧྲིལ་པོར་སྔོ་ལྗང་ལྗོན་ཤིང་རིགས་འཕར་སྣོན་མང་ཤོས་དང་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། གནམ་སྔོ་བ་དང་ས་གཞི་ལྗོན་པས་ཁེངས་པ། ཆུ་མོ་དྭངས་གཙང་ལྡན་པ་བཅས་ནི་རྒྱུན་རྣམ་དུ་གྱུར་ཡོད། ད་ལོར། རང་རྒྱལ་གྱིས་འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་གི་རྨང་རྡོ་སྔར་བས་བརྟན་དུ་བཏང་ཡོད།

             མི་དམངས་བདེ་ཐང་ཡིན་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་བཟོ་ཏང་དང་དགུ་གསུམ་སློབ་ཚོགས། སྨན་བཅོས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས། བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་བྱེད་པར། ངེས་པར་དུ་རང་རྒྱལ་གྱི་རྒྱལ་ཚུལ་གཞིར་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕྲོད་བསྟེན་དང་བདེ་ཐང་གོང་འཕེལ་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་པ་དང་། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

             མིག་སྔར། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་བསྐྲུན་ཟིན་པ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་ཡོང་འབབ་མཐོ་འབྲིང་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད་པས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་གོམ་སྟབས་ཧ་ཅང་བརྟན་པོ་ཞིག་སྤོ་བཞིན་ཡོད།

             མི་དམངས་རྣམས་སྔར་ལས་ཡག་པའི་འཚོ་བ་སྐྱེལ་ཐུབ་པ་དང་སྔར་ལས་དྲོ་སྐྱིད་ལྡན་པའི་དམངས་འཚོའི་དྲིས་ལན་འབྲི་ཐུབ་པ་བྱེད་དགོས། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་ཐེབས་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། དམངས་འཚོ་འགན་ལེན་ནུས་ལྡན་དང་ཕན་ནུས་ཡོད་པ་བཅས་བྱུང་ཡོད།

             མི་དམངས་རྩ་བའི་རྩེ་ལ་འཇོག་པ་དང་། ཚེ་སྲོག་གོང་མའི་གོང་དུ་བཀུར་དགོས། ད་ལོའི་ཟླ་4པར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་མངགས་གནོད་འགོག་དང་གནོད་འཕྲི་གནོད་སེལ་བཅས་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་ལྔ་པ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རང་བྱུང་གནོད་འཚེ་སྔོན་འགོག་དང་དེར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

             མིག་སྔར་ནི་འབྲུབ་ཆུ་རྒྱས་པའི་དུས་ཡིན་པས། མང་ཚོགས་ཀྱི་བདེ་སྡུག་དང་འཁྱགས་གྲང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་ཆེན་པོ་གནང་ས་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། གནོད་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་སྟོན་གནང་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་སྤྱི་ཚོགས་གོང་འཕེལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལིའུ་ཞུས་ཀྱིས། ལོ་འདི་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྲིད་སྐྱོང་བའི་ལག་ལེན་ཁྲོད་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད་པས། དམངས་འཚོ་འཛུགས་སྐྱོང་ཐད་དུས་རབས་ཀྱི་ཁྱད་ཆོས་དང་དངོས་སྒྲུབ་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་མངོན་ཡོད། སྤུས་མཐོའི་གོང་འཕེལ་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར། མིག་སྔའི་མང་ཚོགས་ཀྱི་དངོས་ཡོད་དཀའ་གནད་སེལ་བར་གཞི་ཚུགས་དགོས་ལ། ཕུགས་ལ་དམིགས་ཏེ་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།  ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ་དང་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་ཀྱང་འདིང་དགོས་ཞེས་གསུངས་ཡོད།

             ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར། དམངས་འཚོ་ནི་གལ་ཆེ་ཤོས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་ལག་ལེན་བསྟར་ནས། དངོས་སྒྲུབ་བྱེད་ཐབས་རེ་རེ་བཞིན་དམངས་འཚོ་སྔར་བས་འགན་ལེན་དང་ལེགས་སུ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཏུ་གཅིག་སྡུད་བྱེད་པ་དང་། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་ཤེས་ཚོར་ཐུབ་པའི་བདེ་སྐྱིད་ཀྱི་རྣམ་པར་བསྒྱུར་བ་བརྒྱུད། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་སྔར་བས་ཕུན་སུམ་ཚོགས་པོ་དང་། སྔར་བས་འགན་ལེན་ལྡན་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས།