ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་གསལ་ལྟར་ན། ཆུ་བེད་པུའུ་ཡིས་སི་ཁྲོན་དང་། ཧྲའན་ཞི། ཀན་སུའུ། ཧེ་ལུང་ཅང་། ཁྲུང་ཆིང་བཅས་ཀྱི་ཆུ་ལོག་འགོག་སྲུང་གིIVརིམ་པའི་འཕྲལ་བསྟུན་དང་ལེན་རྒྱུན་འཁྱོངས་བྱས། ཆུ་བེད་པུའི་ལས་དོན་ཚོགས་ཆུང5ཡིས་ཧེ་ལུང་ཅང་དང་། ནང་སོག སི་ཁྲོན། ཁྲུང་ཆིང་སོགས་ས་ཁུལ་གྱི་འཐབ་ཕྱོགས་དང་པོར་དྲག་ཆར་དང་ཆུ་ལོག་འགོག་སྲུང་ལས་དོན་ལ་གཞོགས་འདེགས་མཛུབ་ཁྲིད་བྱེད་བཞིན་ཡོད།
ཟླ8པའི་ཚེས3ཉིན་གྱི་ཆུ་ཚོད8པ་ནས་ཚེས4ཉིན་གྱི་ཆུ་ཚོད8པའི་བར་ཆར་པ་བབས་པ་དང་དེ་བཞིན་སྟོད་རྒྱུད་ཀྱི་ཆུའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཧེ་ལུང་ཅང་ཞིང་ཆེན་སུང་ཧྭ་གཙང་པོའི་ཆུ་གཞུང་ཕུའུ་ཅིན་གཙང་པོའི་དུམ་བུ་དང་དེ་བཞིན་ཆུ་ལག་ཧུའུ་ལན་གཙང་པོ། ནང་སོག་ཨེར་ཀུའུ་ན་གཙང་པོའི་ཆུ་ལག་ཀེན་ཧོ་གཙང་པོ། ཧྲའན་ཞི་ཧན་ཅང་གཙང་པོའི་ཆུ་ལག་ཧྲུའུ་ཧོ་གཙང་པོ། ཏན་ཅང་གཙང་པོའི་ཆུ་ལག་དབྱིན་ཧྭ་གཙང་པོ། ཁྲུང་ཆིང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཐའོ་ཧྭ་ཞི་དང་ལུང་ཧོ་གཙང་པོ། ཡུན་ནན་རྒྱལ་མོ་རྔུལ་ཆུའི་ཆུ་ལག་ཡུང་ཁང་གཙང་པོ། རྫ་ཆུའི་ཆུ་ལག་ནན་པི་གཙང་པོ། ཅིན་ཧྲ་གཙང་པོའི་ཆུ་ལག་ཝན་མ་གཙང་པོ། ཀོང་ཞི་ལུའུ་ཅང་གཙང་པོའི་ཆུ་ལག་པའེ་ཧོ་གཙང་པོ། ཞིན་ཅང་དབྱི་ལི་གཙང་པོའི་ཆུ་ལག་མུའུ་ཀྲ་ཐེ་གཙང་པོ་སོགས་ཆུ་བོ19ལ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་བྱུང་བ་དང་། ཉེན་བརྡ་ལས་བརྒལ་ཚད་ཆེས་མཐོ་ཤོས་ནི་སྨི0.35ཡིན་པ་དང་། དེའི་ནང་ཧུའུ་ལན་གཙང་པོར2026ལོའི་ཆུ་ལོག་ཐེངས་དང་པོ་བྱུང་བ་རེད།
ཆུ་ཚོད24ཡི་ཆར་ཆུ་སྔོན་བརྡ་གཏོང་བར་གཞིགས་ན། ཆུ་བེད་པུས་ཧྲན་ཞི་དང་། ཧེ་ལུང་ཅང་། ཧོ་ནན། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཀོང་ཞི། ཧའེ་ནན། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། ཧྲའན་ཞི། ཞིན་ཅང་སོགས་ཞིང་ཆེན14ལ“ཞིང་ཆེན་གཅིག་ལ་ཤོག་བྱང་གཅིག”གི་འབེན་ཕྱོགས་སྔོན་ཚུད་ཉེན་བརྡ་བཏང་ནས། དྲག་ཆར་ཁྱབ་ཁོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོ་དང་། ཆུ་མཛོད་ཀྱི་མིང་ཐོ། ཆུ་ལོག་གི་གནོད་འཚེའི་ཉེན་ཁ་ཡོད་པའི་ས་ཁོངས་དང་དེ་བཞིན་ས་གནས་བཅས་ལ་བརྡ་ཁྱབ་བཏང་བ་དང་། ཆུ་མཛོད་དང་ཆུ་འདམ་ཆུ་རགས་བདེ་འཇགས་ངང་འབྲུབ་སྒྲོལ་དང་། ཆུ་བོ་འབྲིང་ཆུང་གི་ཆུ་ལོག་དང་ཆུ་ལོག་གི་གནོད་སྐྱོན་སྔོན་འགོག་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་པར་དྲན་སྐུལ་བྱས།
རྩོམ་སྒྲིག་པ། རིག་གྲོལ།