ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལོ་19ཡི་གོང་བསྐྱབས་པའི་ཕྲུ་གུ་དེ་ད་ལྟ་ལས་རོཌ་ལ་གྱུར་འདུག

སྤེལ་དུས 2026-09-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

             ཅང་ཞི་ཕིང་ཤང་ནས་ཡིན་པའི་ཧོང་ཧུང་ཤིན་ལོ་བཞིའི་སྐབས་སུ་ནད་གཞི་ལྕི་མོ་ཞིག་ཕོག་སྟེ་ཀྲུང་ནན་སློབ་ཆེན་ཤང་ཡ་སྨན་ཁང་གིས་སྐྱོབ་བཅོས་བྱས་པ་བརྒྱུད་དྲག་སྐྱེད་བྱུང་བ་རེད། སྐབས་དེར་ཁོང་གིས་རང་ཉིད་ནར་སོན་རྗེས་སྨན་བཅོས་སྲོག་སྐྱོབ་བྱེད་མཁན་གྱི་སྨན་པ་ཞིག་ཏུ་འགྱུར་བ་བྱ་རྒྱུའི་དམ་བཅའ་བཞག ད་ལོ། ཧོང་ཧུང་ཤིན་ཤང་ཡ་སྨན་ཁང་དབང་རྩའི་ཕྱི་ནད་ཚན་ཁག་གི་2026ལོ་རིམ་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། དྲིན་ཚོར་དང་ཕུགས་འདུན་མངོན་འགྱུར་གྱི་གཏམ་རྒྱུད་འདིས་མི་མང་པོར་སེམས་འགུལ་ཐེབས་སུ་བཅུག་ཡོད།


             དེ་ཡང་། 2007ལོར། ལོ4ལ་སླེབས་པའི་ཧོང་ཧུང་ཤིན་ལ་སྟབས་མ་ལེགས་པར་ལྷན་སྐྱེས་སྙིང་ནད་ཕོག་པ་ཤེས་རྟོགས་བྱུང་རྗེས། ཁྱིམ་མིས་ཧོང་ཧུང་ཤིན་ས་ཆ་མང་པོར་སྨན་བཅོས་བྱེད་པར་ཁྲིད་ཀྱང་འབྲས་བུ་གང་ཡང་མ་ཐོན། དེ་རྗེས་ཧུའུ་ནན་ཁྲང་ཧྲ་རུ་སྨན་བཅོས་བྱེད་པར་སླེབས་ཤིང་། སྟབས་ལེགས་པ་ཞིག་ལ་ཤང་ཡ་སྨན་ཁང་སྙིང་རྩའི་ཕྱི་ནད་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ལུང་ལུང་དང་དགེ་རྒན་ཆེ་མོ་བ་ཧུའུ་ཆིང་ཧྭ་ཡི་སྨན་བཅོས་ཚོགས་པས་ཁོང་ལ་གཤགས་བཅོས་བྱས་ནས་ལེགས་འགྲུབ་བྱུང་ཡོད། དེ་ནས་བཟུང་ཧོང་ཧུང་ཤིན་ནད་ཀྱི་སྡུག་བསྔལ་ལས་རྦད་དེ་ཐར་ནས་ཕྲུ་གུ་གཞན་དང་འདྲ་བར་བདེ་ཐང་ངང་འཚར་ལོངས་བྱུང་།

             ལོ་ན་ཇེ་ཆེར་སོང་བ་དང་བསྟུན། ཧོང་ཧུང་ཤིན་གྱིས་རིམ་བཞིན་གཤགས་བཅོས་དེའི་དོན་སྙིང་རྟོགས་ཡོད་པས། སྨན་པས་རང་ཉིད་ལ་ཚེ་སྲོག་གཉིས་པ་སྦྱིན་པའི་དྲིན་ཚོར་གྱི་བསམ་པ་སྐྱེས་ཤིང་། ཕྱིས་སུ་གསོ་རིག་གི་ལམ་བུར་ཁ་ཕྱོགས་པའི་ཐོག་མའི་སྐུལ་སློང་བྱུང་བས། གསོ་རིག་སྦྱངས་ནས་ཤང་ཡ་སྨན་ཁང་ལ་རྒྱུགས་འཕྲོད་པ་བྱ་རྒྱུའི་དམ་བཅའ་བཞག


             2024ལོར། ནད་གཡོག་རྒྱུག་ཐེངས་ཤིག་གིས་ཧོང་ཧུང་ཤིན་གྱི་དད་སེམས་དེ་སྔར་བས་བརྟན་དུ་ཕྱིན། དེ་ཡང་། ལོ་དེའི་ཟླ་6པར། ཁོང་གི་རྨོ་བོ་ལགས་ལ་ཀླད་རྩའི་སྐྲན་ནད་བྱུང་ནས་ཤང་ཡ་སྨན་ཁང་དབང་རྩའི་ཕྱི་ནད་ཚན་ཁག་གི་ནད་ཁང་38ནང་བསྡད་ནས་སྨན་བཅོས་བྱས། དགེ་རྒན་ཆེ་མོ་བ་ཧོང་ཅུན་གྱི་སྨན་བཅོས་ཚོགས་པས་སྨན་བཅོས་ཀྱི་འགན་འཁུར། སྐབས་དེ་དུས། ཧོང་ཧུང་ཤིན་གྱིས་སློབ་ཆེན་ལོ་རིམ་གསུམ་པ་འགྲིམ་བཞིན་ཡོད། གསོ་རིག་སྦྱོང་མཁན་སློབ་མ་ཞིག་ཡིན་པའི་ཆ་ནས། ཁོང་གིས་ཀླད་རྩའི་འབྲས་སྐྲན་བརྡོལ་ཚེ་སྲོག་ཉེན་ཆེ་བའི་ཀླད་ཁྲག་འབྲེལ་སྲིད་པ་ཤེས་ཀྱི་ཡོད་པས། སེམས་ཁྲལ་ཆེན་པོ་བྱུང་། ནད་གཡོག་རྒྱུག་རིང་། ཁོང་གིས་དགེ་རྒན་ཆེན་མོ་བ་ཧོང་ཅུན་གྱི་སྨན་བཅོས་ཚོགས་པས་བརྙན་རིས་དཔྱད་གཞིར་ཞིབ་འཇུག་དང་བརྡར་གཅོད་ཞིབ་ཕྲ་བྱེད་པ་དང་། ཡང་དང་བསྐྱར་དུ་གཤགས་བཅོས་ཇུས་གཞིར་གྲོས་བསྡུར་བྱེད་པ་སོགས་དངོས་སུ་མཐོང་། མཐར་ཁོང་གི་རྨོ་བོ་ལགས་ཀྱི་གཤགས་བཅོས་ལེགས་གྲུབ་བྱུང་ནས་དྲག་སྐྱེད་བྱུང་།

             ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་སྐབས། ཧོང་ཧུང་ཤིན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཀྲུང་ནན་སློབ་ཆེན་ཤང་ཡ་སྨན་ཁང་བདམས་པ་དང་། ད་ལོ་ཁོང་གཞི་ནས་ཕུགས་བསམ་མངོན་འགྱུར་ཐུབ་སྟེ་ཤང་ཡ་སྨན་ཁང་དབང་རྩའི་ཕྱི་ནད་ཚན་ཁག་གི་2026ལོ་རིམ་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། དགེ་རྒན་ཆེན་མོ་བ་ཧོང་ཅུན་ཁོང་གི་མཛུབ་ཁྲིད་དགེ་རྒན་དུ་གྱུར། ལས་དབང་འདི་ནི་ཅི་འདྲའི་ངོ་མཚར་ལྡན་པ་ཞིག་མིན་ནམ། ནད་ཐོག་སྨན་བཅོས་ཀྱི་གསོ་སྦྱོང་དུས་རིམ་དུ་སླེབས་སྐབས་ཧོང་ཧུང་ཤིན་གྱི་གསོ་སྦྱོང་བྱེད་སའི་ཚན་ཁག་དང་པོ་དེ་ནི་སྙིང་རྩའི་ཕྱི་ནད་ཚན་ཁག་ཡིན་པ་དང་། ཁོང་གི་མཛུབ་ཁྲིད་དགེ་རྒན་ནི་ཏག་ཏག་ལོ་དེར་ཁོང་ལ་གཤགས་བཅོས་བྱེད་མཁན་དགེ་རྒན་ཆེ་མོ་བ་ལུང་ལུང་ཡིན་པ་རེད།

             མ་འོངས་པའི་སྐོར་གླེང་སྐབས། ཧོང་ཧུང་ཤིན་གྱིས་སླད་ཕྱིན་དྲིན་ཚོར་གྱི་བསམ་པ་བཅངས་ནས་སྨན་བཅོས་ལག་རྩལ་བྱང་དུ་ཆུབ་པ་སྦྱོང་རྒྱུ་དང་། ཏན་ཏན་ཏིག་ཏིག་སྒོས་ཆེད་ལས་ནུས་པ་སྦྱོང་བརྡར་བྱས་ནས། ནད་པའི་བདེ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།


རྩོམ་སྒྲིག་པ། རིག་གྲོལ།