ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

“ངེས་པར་དུ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་དགོས”

སྤེལ་དུས 2026-10-13 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་10ཚེས་9ཉིན《ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཡོངས་བསྒྲགས་བྱས་པ་རེད། བསམ་འཆར་ནང་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ཁག་19བཏོན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་གཏོད་རང་བཞིན་གྱི་རིགས་པའི་གཞུང་ལུགས་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བསྒྱུར་ཏེ། རྒྱལ་ཡོངས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་གྱི་ཚད་གཞི་གཏན་འཁེལ་བྱས་ཡོད།
  “‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་ངེས་པར་དུ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་ཡོད།
  “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད།
  ད་ལོ“ལོ་གསར་པའི་སློབ་ཚན་དང་པོར”སྤྱི་ཁྱབ་ཧྲུའུ་ཅིས“ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས་ས་གནས་སུ་གཟིགས་ཞིབ་ཐེངས་དང་པོ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ“ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས”ཞེས་སླར་ཡང་ནན་བཤད་གནང་བ་རེད།
  དུས་རབས་གསར་པ་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་རིགས་པའི་གཞུང་ལུགས་གསར་པ་བཏོན་གནང་བ་དང་འབྲེལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་དང་བཀོད་སྒྲིག་གལ་ཆེན་གནང་ནས། “གང་ཞིག་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་ཡིན་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པའི”དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་ལན་གཏིང་ཟབ་བསྐྱོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་ཡོད།
  དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱེད་དགོས།
  དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་དང་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་གཞི་རྟེན་རེད། 2025ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། “ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་དང་དངོས་ཚན་དཔལ་འབྱོར་གྱིས་རྨང་གཞི་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་ལ་སྔོན་ཚུད་ནས་བཀོད་སྒྲིག་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས”ཞེས་ནན་བཤད་གནང་བ་རེད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐོན་ལས་མང་པོ་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་སུ་རྒྱུན་ཆད་མེད་པར་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།
  “གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ”དང“ཚོད་ལྟའི་ཞིང་ཁ” “ཐོན་ལེགས་ཞིང་ཁར”གྱུར་པ། 2025ལོར་རང་རྒྱལ་གྱིས་གཙོ་གནད་ཐོག་བཏོད་པའི་གསར་དར་ཀ་རྟེན་ཐོན་ལས་ཆེ་གྲས་དྲུག་གི་འབྲེལ་ཡོད་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་6ཙམ་ཟིན་ནས་2030ལོར་སླེབས་སྐབས་སྒོར་དུང་ཕྱུར་ཁྲི་10ཡན་ཟིན་རེ་ཡོད་པ་རེད། ཀ་རྟེན་གསར་པ་དང་འགྲན་ལམ་གསར་པ་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་རིན་ཐང་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད།
  “འབྱུང་འགྱུར་གྱི་ཐོན་ལས་ལ་སྔོན་ཚུད་ནས་བཀོད་སྒྲིག”བྱས་ཏེ་གསར་འཕར་སྒུལ་ཤུགས་དེ་བས་མང་བ་སྐྱེད་སྲིང་བྱས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་ཚད་རྡུལ་ཚན་རྩལ་དང་། སྐྱེ་དངོས་བཟོ་སྐྲུན། ཆིང་ནུས་དང་ཉིང་རྡུལ་འདུས་འགྱུར་ནུས་པ། ཀླད་འཕྲུལ་མཐུད་ཁ། གཟུགས་ཅན་རིག་ནུས། རབས་དྲུག་པའི་སྒུལ་བདེའི་འཕྲིན་གཏོང་སོགས་དཔལ་འབྱོར་འཕར་གཞི་གསར་པར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
  རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་སྟེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་སྦྱོར་བ་དང་ཕན་ནུས་ཆེ་རུ་གཏོང་དགོས།
  ཐོན་སྐྱེད་ནུས་ཤུགས་གསར་མའི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་གསར་གཏོད་ཡིན། ད་ལོའི“ཚན་རྩལ་ཚོགས་འདུ་གསུམ”གྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚན་རྩལ་གསར་གཏོད་མ་ལག་ཅན་གྱི་འགག་སྒྲོལ་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས”ཞེས་བཏོན་གནང་བ་རེད།
  “མཉམ་དཀྲོལ་རོལ་དབྱངས”ཡག་པོ་དཀྲོལ་ནས་རིགས་ཁག་གི་གསར་གཏོད་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་དགོས།
  རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན་གྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་། ཞིབ་འཇུག་གསར་སྤེལ་ལས་ཁུངས་གསར་པས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གང་མགྱོགས་གཏོང་བ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་ལ་སོགས་རིགས་ཁག་གི་གསར་གཏོད་བྱེད་པོ་དང་རྒྱུ་རྐྱེན་གཙོ་བོ་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་ཀྱི་ཆུ་ཁུངས་ནས་ཆུ་རྒྱུན་གང་མང་ཐོན་པར་བྱེད་དགོས།
  “མི་མེད་ལུང་སྟོང”དུ་སྐྱོད་ཕོད་པར་བྱས་ཏེ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་གཞི་རྩའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱུན་མཐུད་རྒྱག་དགོས།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཤུགས་ཚད་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་གྱི་གསར་གཏོད་ནུས་པ་ཆེ་རུ་བཏང་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།
  སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཁོར་རྒྱུག་ཐོགས་མེད་ཡོང་བར་བྱེད་དགོས།
  “ཚན་རྩལ་གསར་གཏོད་བྱེད་པར་ཤེས་ལྡན་པར་བརྟེན་དགོས་པ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སློབ་གསོར་བརྟེན་དགོས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ནང་གནས་གཅིག་གྱུར་དང་ཕན་ཚུན་འདེགས་སྐྱོར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གསུམ་གྱི་ནུས་པའི་ངེས་གནས་དང་མཉམ་འགུལ་གྱི་རྐྱེན་རྩར་གསལ་བཤད་གཏིང་ཟབ་གནང་ཡོད།
  སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་ཚུགས་རང་དར་ཡོང་བ། ཤེས་ལྡན་པས་སྣེ་ཁྲིད་སྐུལ་གཏོང་བཅས་མཐའ་འཁྱོངས་བྱས་ནས། བརྒྱུད་རིམ་ལྡན་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྡེབ་གཅིག་ཏུ་སྒྱུར་བཅོས་ཟབ་གཏོང་བྱས་ཏེ་ཚན་སློབ་མཉམ་ལས་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། མིག་སྔར། རང་རྒྱལ་གྱིས་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་བསྐྲུན་ཟིན་པ་དང་། གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཨང་རིམ་2012ལོའི་ཨང་སོ་བཞི་པ་ནས་ཨང་བཅུ་པར་འཕར་བ་དང་། ཞིབ་འཇུག་གསར་སྤེལ་མི་སྣའི་གྲངས་འབོར་ལོ་13བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་འཕེལ་རྒྱས་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡབ་འཕར་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད།
  “ལོ་ལྔ་ཚན་བཅོ་ལྔ་པར”འབད་འཐབ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ཁོང་དུ་བརྟན་པོ་ཆུད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཟམ་མི་ཆད་པར་སྐོང་བ་བཅས་བྱས་ཚེ། རང་རྒྱལ་གྱིས་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་གནས་བབ་མཐོ་ཤོས་བཟུང་ཐུབ་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་མགྱོགས་མྱུར་སྐྱེད་སྲིང་ཡང་བྱེད་ཐུབ་ངེས་རེད།