ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ཀྱི་སྟོན་འབྲུ་ཕྱེད་ཀ་ལྷག་ཙམ་བསྡུས་ཟིན་པ།

སྤེལ་དུས 2026-10-13 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
ཟླ་10ཚེས་10ཉིན། ཧེ་ལུང་ཅང་ཧེ་ཧོ་པེ་ཏ་ཧོང་ཝེ་ཧྲན་ཞིང་རའི་དོ་དམ་ཁུལ་ལྔ་པར་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཆེ་གྲས་ཀྱིས་མ་རྨོས་ལོ་ཏོག་བསྡུ་བཞིན་པ།
  “སྟོན་གསུམ”གྱི་ཞིང་ལས་ཐོན་སྐྱེད་ཀྱི་འགག་རྩའི་དུས་སུ། ཧེ་ལུང་ཅང་སུའེ་ཧྭ་གྲོང་ཁྱེར་པེ་ལིན་ཆུས་ཀྱི་ཆུ་འབྲས་གཅིག་རྗེས་གཉིས་མཐུད་དུ་རྔ་འགོ་ཚུགས་ཤིང་། ཧྲོང་ཧོ་གྲོང་རྡལ་ཤང་དབྱང་གྲོང་ཚོའི་འབྲུ་རིགས་འདེབས་འཛུགས་དུད་ཆེན་ཉི་ཅི་ཁྲེང་གིས“ད་ལོ་སུའེ་འབྲས་ཨང་306བཏབ་པ་ཡིན། སད་མ་བརྒྱབ་གོང་བསྡུས་ཚར་སོང”ཞེས་བརྗོད་པ་དང་། ཁོང་གིས་ཆུ་འབྲས་མུའུ་600བཏབ་ནས་དྲོད་ཁང་ཆེ་མོའི་ནང་ལྗང་གསོ་དང་མཐུག་འདེབས་སོགས་ཀྱི་ལག་རྩལ་སྤྱད་དེ་ཞིབ་རྨོ་ཞིབ་འདེབས་བྱས་པས། མུའུ་རེའི་ཐོན་ཚད་སྤྱི་རྒྱ་570ཟིན་ཡོད།
  རྒྱལ་ཡོངས་སུ་སྟོན་བསྡུའི་ལས་ལ་བྲེལ་བཞིན་ཡོད་པ་དང་། སྟོན་འདེབས་དགུན་འདེབས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བྱེད་འགོ་ཚུགས་ཤིང་། ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལ་གཞིགས་ན། ཟླ་10ཚེས་10ཉིན་བར། རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་ལྔ་ལྷག་ཙམ་བསྡུས་ཟིན་པ་དང་། དེའི་ནང་ལྷོ་ནུབ་ས་ཁུལ་དུ་བཅུ་ཆ་བདུན་དང་ཕྱེད་ཀ་བསྡུས་ཟིན་པ་དང་། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དུ་བཅུ་ཆ་ལྔ་ལྷག་ཙམ་བསྡུས་ཟིན་པ། རྨ་ཆུ་དང་། ཧོའེ་ཧེ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་རྒྱུག་ཁུལ་དུ་བཅུ་ཆ་དྲུག་ལྷག་ཙམ་བསྡུས་ཟིན་པ། ནུབ་བྱང་ས་ཁུལ་དུ་བཅུ་ཆ་ལྔ་དང་ཕྱེད་ཀ་ལྷག་ཙམ་བསྡུས་ཟིན་པ། བྱང་ཤར་ས་ཁུལ་དུ་བཅུ་ཆ་གསུམ་དང་ཕྱེད་ཀ་བསྡུས་ཟིན་ཡོད། དགུན་གྲོ་གཅིག་རྗེས་གཉིས་མཐུད་དུ་འདེབས་འགོ་ཚུགས་ཤིང་། དགུན་འདེབས་པད་ཁ་བཅུ་ཆ་གཅིག་ལྷག་ཙམ་བཏབ་ཟིན་ནས་སྟོན་བསྡུ་སྟོན་འདེབས་ཀྱི་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད།
  ཉེ་བའི་ལོ་ཤས་རིང་། མུའུ་རེའི་ཐོན་འབབ་འཕར་བ་དེ་འབྲུ་རིགས་ཐོན་འཕར་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། ཞིང་ལས་གྲོང་གསེབ་པུས་འབྲུ་སྣུམ་ལོ་ཏོག་གི་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོར་གཏོང་བྱ་སྤྱོད་མུ་མཐུད་ལག་བསྟར་བྱས་པར། སྒྲིག་ཁོངས་སྐུལ་སྤེལ་རྫོང་1000བར་རྒྱ་ཆེར་ཕྱིན་པ་དང་སྒྲིག་ཁོངས་སྐུལ་སྤེལ་གྲོང་ཁྱེར་20མང་དུ་ཕྱིན་ཡོད། སྟོན་འབྲུ་ཐོན་སྐྱེད་ཀྱི་གནས་ཚུལ་ནས་བལྟས་ན། ས་གནས་ཁག་གིས་གཙོ་ཁྲིད་སྣ་ཁ་དང་། གཙོ་འདོན་ལག་རྩལ། གཙོ་ཤུགས་འཕྲུལ་འཁོར་བཅས་ཁྱབ་གདལ་བེད་སྤྱོད་མགྱོགས་མྱུར་བྱས་ནས་ལོ་ཏོག་རྒྱ་ཁྱོན་ཆེན་པོས་ཐོན་འཕར་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
  མ་རྨོས་ལོ་ཏོག་ནི་ཐོན་འཕར་ལོ་ཏོག་གལ་ཆེན་ཞིག་ཡིན་ཞིང་། ཧྲན་ཏུང་ཧོན་ཐའེ་རྫོང་དུ་ཏེང་ཧའེ་618པ་དང་ཞིང་ལས་སློབ་ཆེན་372པ་སོགས་ཐོན་མཐོ་མཐུག་འདེབས་རང་བཞིན་གྱི་སོན་བཟང་རྒྱ་ཁྱོན་ཆེན་པོས་ཁྱབ་གདལ་འདེབས་འཛུགས་བྱས་པར། མ་རྨོས་ལོ་ཏོག་མུའུ་རེར་ཆ་སྙོམས་མཐུག་འདེབས་བྱེད་ཚད་རྐང་5116.8ཟིན་པ་དེ་ལོ་གོང་མ་ལས་རྐང་14.3འཕར་ཡོད། མ་རྨོས་ལོ་ཏོག་གི་མུའུ་རེའི་ཐོན་འབབ་འཕར་བའི་སྒྲིག་ཁོངས་སྐུལ་སྤེལ་རྫོང་ཡིན་པའི་ཧོ་ནན་ཞིང་ཆེན་ཤུན་རྫོང་གིས་མུའུ་བརྒྱའི་འགག་སྒྲོལ་ས་ཞིང་8དང་། མུའུ་སྟོང་གི་དཔེ་སྟོན་གྲུ་བཞི་མ་10 མུའུ་ཁྲིའི་ཐོན་མཐོའི་ཡུག་ཁུལ་2བཅས་བཀོད་སྒྲིག་གསར་སྐྲུན་བྱས་ཏེ། མཐུག་འདེབས་ཐིགས་ཆུ་གཏོང་བ་དང་། རིམ་དབྱེ་སྟེང་ལུད་རྒྱག་པ། གཅིག་གཏོར་མང་འཐུས་སོགས་ཀྱི་འགག་རྩའི་ལག་རྩལ་དང་བྱ་ཐབས་དོན་འཁྱོལ་བྱས་ནས། རྫོང་ཡོངས་ཀྱི་མ་རྨོས་ལོ་ཏོག་གི་མུའུ་རེའི་ཐོན་འབབ་མཐོར་གཏོང་དཔེ་སྟོན་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི་50ཟིན་པར་ཁྲིད་སྟོན་བྱས་ཡོད།
  སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་གསར་པ་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་སྤྱད་ཅིང་། ཀན་སུའུ་དང་། ཁྲུང་ཆིང་། སི་ཁྲོན་སོགས་ས་ཁུལ་གྱི་རི་ལྡེབས་རྨོ་ཞིང་དང་སྐས་ཞིང་དུ་རི་ཁུལ་གྱི་འདྲུད་འཐེན་འཁོར་ལོ་སྤྱད་པ་དང་། ཤིན་ཅང་ཁྲང་ཅིའི་ཞིང་ཐང་ཆེན་པོར་རྟ་ཤུགས་410ཟིན་པའི་རྒྱལ་ཐོན་མཉམ་བསྲེས་སྒུལ་ཤུགས་ཀྱི་འདྲུད་འཐེན་འཁོར་ལོ་སྤྱད་ནས། ལས་ཕྱོད་ཆེན་པོས་སྟོན་རྨོ་དང་གཏིང་སློག་རྒྱག་པའི་ལས་དོན་སྤེལ་བས། སྲོལ་རྒྱུན་འབར་སྣུམ་འཕྲུལ་འཁོར་གྱི་སྣུམ་ཟད་ཚད་20%ཙམ་ཉུང་དུ་ཕྱིན་ཡོད།
  “སྟོན་ཁའི་རྨོ་འདེབས་སྡུད་གསུམ”གྱི་ཞིང་ལས་ཐོན་སྐྱེད་ལ་སྐུལ་འདེད་རྒྱུན་མཐུད་བཏང་ཞིང་། ཞིང་ལས་གྲོང་གསེབ་པུས་ལས་དོན་ཚོགས་ཆུང་དང་ཚན་རྩལ་ཡན་ལག་རུ་ཆུང་6སྟོན་བསྡུ་སྟོན་འདེབས་ཀྱི་གཙོ་གནད་ཞིང་ཆེན་12ལ་མངགས་ནས་སྟོན་འབྲུ་བསྡུ་བ་དང་། གྲོ་དང་པད་ཁ་འདེབས་འཛུགས། སྟོན་དུས་ཀྱི་ས་ཞིང་གཡོག་བྱེད་བཅས་ལ་བརྟག་ཞིབ་མཛུབ་ཁྲིད་བྱས་པ་དང་ཆབས་ཅིག ས་ཁོད་ཞིབ་ཚགས་སྙོམས་པ་དང་སྟོན་མཇུག་གི་ས་ཞིང་གཡོག་བྱེད་སོགས་ཀྱི་འགག་རྩའི་བྱ་ཐབས་དོན་འཁྱོལ་ལ་མཛུབ་ཁྲིད་བྱས་པ་རེད།