ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

བྱིས་པའི་ཚད་མཐོའི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ཤུཌ་ཆེན་བྱ་རྒྱུ།

སྤེལ་དུས 2026-10-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

              ཉེ་ཆར། སློབ་གསོ་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ཚད་མཐོའི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། ས་གནས་ཁག་དང་། སློབ་གྲྭ ཁྱིམ་ཚང་བཅས་ཀྱིས་བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་མུ་མཐུད་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ཚད་མཐོའི་རྒྱང་སྒྲིབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ངོས་འཛིན་དང་སྔོན་འགོག་ཚོད་འཛིན་ཏན་ཏིག་བྱེད་དགོས་ཞེས་བསྟན་ཡོད།

              《བརྡ་ཐོ》ཡི་ནང་། ཚད་མཐོའི་རྒྱང་སྒྲིབ་ཅེས་པའི་ཐ་སྙད་དེའི་གོ་དོན་དང་ཉེན་ཁ་ཁ་གསལ་བསྟན་ཡོད། ཚད་མཐོའི་རྒྱང་སྒྲིབ་ཅེས་པ་ནི་རྒྱུན་དུ་རྒྱང་སྒྲིབ་ཀྱི་ཏུའུ་གྲངས་ཏུའུ600ལ་སླེབས་པའམ་དེ་ལས་མཐོ་བ་དང་ཡང་ན་མིག་མདའི་རིང་ཚད་ཧའོ་སྨི26ལ་ཟིན་པའམ་དེ་ལས་ཆེ་བའི་འོད་མི་འདྲོང་བའི་སྣང་ཚུལ་ལ་ཟེར་གྱི་ཡོད། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་ཀྱི་ཚད་དེ་ཚད་མཐོའི་རྒྱང་སྒྲིབ་ཏུ་གྱུར་ཚེ། ནད་གཞིའི་རང་བཞིན་གྱི་རྒྱང་སྒྲིབ་ཏུ་འགྱུར་སྲིད་པ་དང་། མཐོང་བྱེད་དྲ་སྐྱི་འགོག་པ་དང་། སེར་ཁྲ་ནད་འགྱུར། མིག་ནད་ནང་གྲིབ། སྐྱ་འགྲིབ་སོགས་མཉམ་འབྱུང་ནད་ཕོག་པའི་ཉེན་ཁ་ཆེ་རུ་ཕྱིན་ནས། མིག་ཤེད་ལ་ལྡོག་ཐབས་མེད་པའི་གནོད་སྐྱོན་བཟོ་ཡི་ཡོད་ཅིང་། གང་དེ་ནི་མིག་ལོང་བར་འགྱུར་བའི་མིག་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཅེས་བསྟན་འདུག


              《བརྡ་ཐོ》ཡི་ནང་། རང་འགུལ་ངང་ཚད་མཐོའི་རྒྱང་སྒྲིབ་སྔོན་འགོག་བྱེད་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་དྲུག་བཏོན་ཡོད་པ་སྟེ།

              གཅིག་ནི་མིག་བེད་སྤྱོད་བྱེད་པའི་ཁོར་ཡུག་ལ་འགན་སྲུང་བྱེད་དགོས།

              གཉིས་ནི་ཕྱི་རོལ་གྱི་བྱེད་སྒོ་མང་ཙམ་སྤེལ་དགོས།

              གསུམ་ནི་རྒྱུན་དུ་མིག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

              བཞི་ནི་རྒྱང་སྒྲིབ་ཀྱི་གཞི་གྲངས་ཁོང་དུ་ཆུད་པར་བྱེད་དགོས།

              ལྔ་ནི་ཚད་མཐོའི་རྒྱང་སྒྲིབ་ཕོག་པའི་ཉེན་ཁ་ཆེ་བའི་ཕྲུ་གུར་ལྟ་ཞིབ་ཞིབ་ཚགས་བྱེད་དགོས།

              དྲུག་ནི་སློབ་གྲྭ་དང་ཁྱིམ་ཚང་། སྨན་ཁང་བཅས་ནས་མཉམ་དུ་སྔོན་འགོག་ཚོད་འཛིན་བྱེད་དགོས་པ་བཅས་ཡིན།

              ས་གནས་ཁག་གི་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཁག་བཅས་ཀྱིས་ཚད་མཐོའི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས།

              སྨན་བཅོས་ལས་ཁུངས་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭས་ཚད་མཐོའི་རྒྱང་སྒྲིབ་ཀྱི་སློབ་མར་མཐོང་ཚོར་བདེ་ཐང་གི་ཡིག་ཚགས་བཟོས་ནས། མིག་མདའི་རིང་ཚད་དང་། མིག་མཐིལ་བརྟག་དཔྱད། མཐོང་ཤུགས་ཡོ་བསྲང་སོགས་ཀྱི་ཆ་འཕྲིན་ཚད་ལྡན་ངང་ཐོ་འགོད་ཀྱིས་ཚད་མཐོའི་རྒྱང་སྒྲིབ་ཀྱི་མཉམ་འབྱུང་ནད་ཕོག་པའི་ཉེན་ཁ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་འབྲེལ་དམིགས་ས་ཡོད་པའི་སྒོ་ནས་བཀག་འགོག་བྱེད་དགོས།

              ཁྱིམ་བདག་ནས་ཕྲུ་གུར་ཚད་མཐོའི་རྒྱང་སྒྲིབ་ཀྱི་སྣང་ཚུལ་ཐོན་རྗེས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ཏེ། ཉུང་མཐར་ཡང་ལོ་ཕྱེད་རེར་ཕྲུ་གུ་སྨན་ཁང་དུ་ཁྲིད་ནས་མིག་གི་བདེ་ཐང་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་ཐེངས་རེ་བྱེད་དགོས་པ་དང་། རྒྱུན་ལྡན་མིན་པའི་སྣང་ཚུལ་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

              སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭས་རྒྱང་སྒྲིབ་ཚད་མཐོན་པོར་སླེབས་ཟིན་པའི་སློབ་མར་རང་འགུལ་ངང་བསྟུད་མར་བར་ཐག་ཉེ་པོས་མིག་བེད་སྤྱོད་བྱེད་པའི་དུས་ཚོད་ཐུང་དུ་གཏོང་བ་དང་། བརྙན་ཤེལ་རིགས་ཀྱི་གློག་རྡུལ་ཐོན་རྫས་བསྟུད་མར་བེད་སྤྱོད་བྱེད་པའི་དུས་ཚོད་ཐུང་དུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་སྐུལ་མ་གཏོང་དགོས།


              རྒྱང་སྒྲིབ་ཚད་མཐོན་པོར་སླེབས་པའི་སློབ་མ་དག་མིག་རིལ་དང་མགོ་ལ་ཐད་ཀར་རེག་ཐུག་གམ་ཡང་ན་འགུལ་སྐྱོད་དྲག་པོ་བྱེད་དགོས་པའི་ལུས་རྩལ་རྣམ་གྲངས་ནང་ཞུགས་མི་རུང་། ལུས་སྦྱོང་བྱེད་སྐབས་འོས་འཚམ་གྱི་འགོག་སྲུང་མིག་ཤེལ་བརྒྱབ་ནས། མིག་ལ་བདག་པོ་ཡག་པོ་རྒྱག་དགོས།

              ས་གནས་ཁག་གི་སློབ་གསོ་སྡེ་ཚན་གྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭས་རྒྱང་སྒྲིབ་ཚད་མཐོན་པོར་སླེབས་པའི་སློབ་མར་སེམས་ཁམས་བདེ་ཐང་སྐོར་གྱི་སློབ་གསོ་རྒྱག་པ་དང་སེམས་ཁུར་གཅེས་སྐྱོང་མང་ཙམ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། ཁོང་ཚོས་མིག་གི་བདེ་ཐང་གནས་ཚུལ་ལ་ངོས་འཛིན་ཡང་དག་ཡོང་བར་རོགས་རམ་བྱས་ནས། ཚད་མཐོའི་རྒྱང་སྒྲིབ་ཀྱིས་བཟོས་པའི་ཤུགས་རྐྱེན་ངན་པ་སྣ་ཚོགས་ལ་ཁ་གཏད་གཅོག་རོགས་བྱེད་དགོས།

རྩོམ་སྒྲིག་པ། རིག་གྲོལ།