ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཕྱིར་སྡོད་སྤུན་ཟླ་དང་ཕྱི་རྒྱལ་གྱི་གྲོགས་པོ་ཚོས་བོད་ལྗོངས་སྦྲ་ཆེན་གྱི་ཡོམ་ཁུལ་ལ་བརྩེ་བ་ཟབ་མོ་བཅངས་པ།

སྤེལ་དུས 2026-11-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད22དང་སྐར་མ33ཐོག བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0ཅན་བརྒྱབ་པས། ཕྱོགས་བཞི་མཚམས་བརྒྱད་ཀྱིས་གནོད་འཚེ་ཕོག་ཁུལ་ལ་སེམས་ཁྲལ་ཆེན་པོ་བྱས། ཉིན་ཁ་ཤས་ཀྱི་རིང་ལ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་དང་། ཕྱིར་སྡོད་སྤུན་ཟླ། ཕྱི་རྒྱལ་གྱི་མཛའ་གྲོགས་མི་སྣ་མང་པོས་གཅིག་རྗེས་གཉིས་མཐུད་དུ་བྱམས་བརྩེའི་འཚམས་འདྲི་ཞུས་ནས། གེགས་ཁུལ་གྱི་སྤུན་ཟླར་མྱ་ངན་ཟབ་མོ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་དང་། གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་མི་སྣར་བླ་ན་མེད་པའི་གུས་འདུད་ཞུས། 
ཐེ་ལན་བྱང་རྒྱུད་ཀྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས་བརྗོད་དོན། རོགས་སྐྱོབ་ཀྱི་འཐབ་ས་དང་པོའི་ལས་དོན་པར་གུས་འདུད་ཞུས་པ།
             ཐེ་ལན་བྱང་རྒྱུད་ཀྱི་ཀྲུང་གོའི་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པས་སྦྲ་ཆེན་གྱི་ཡོམ་ཁུལ་གྱི་སྤུན་ཟླར་འཕྲིན་ཡིག་སྤྲིངས་ཤིང་། འཕྲིན་ཡིག་ནང་དུ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0ཅན་བརྒྱབ་ནས་སྤུན་ཟླ16སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་། མི76ལ་རྨས་སྐྱོན་ཕོག་པ། སྡོད་ཁང་དང་ཟོག་ཁང་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད་པ་གློ་བུར་དུ་ཤེས་ཚོར་བྱུང་། མཐོ་སྒང་གི་སྟོན་མཇུག་ལ་གྲང་ངར་ཤིན་ཏུ་ཆེ་བ་དང་གློ་བུར་དུ་ཐོན་པའི་གནོད་འཚེ་ལས་ཐེ་ལན་བྱང་རྒྱུད་དུ་ཡོད་པའི་ཕྱིར་སྡོད་རང་མི་ཚོར་སེམས་ཁྲལ་ཆེན་པོ་བཟོས་ཡོད། ལས་འཛིན་ཡོངས་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་། རྨས་སྐྱོན་ཕོག་པའི་མང་ཚོགས་དང་གནོད་འཚེ་ཕོག་པའི་ཁྱིམ་ཚང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4800ཙམ་ཟིན་པའི་གེགས་སེལ་འཐབ་ས་དང་པོར་འཚོལ་སྐྱོབ་དང་། སྨན་བཅོས། བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བཅས་བྱེད་མཁན་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད། འཕྲིན་ཡིག་ནང་ད་དུང་སྦྲ་ཆེན་འདི་ཉིད་བོད་ལྗོངས་བྱང་ཐང་དུ་གནས་པ་དང་། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ། འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པས། རོགས་སྐྱོབ་ཀྱི་དཀའ་ཚེགས་ཆེ་བ་དང་བཀོད་སྒྲིག་གི་དཀའ་ཚེགས་ཆེན་པོ་ཡོད་སྟབས་ལེ་དབར་སྟོང་ཕྲག་ཆོད་ཀྱང་གཞན་སྡུག་རང་མྱོང་གི་གདུང་སེམས་མཉམ་སྐྱེས་བྱུང་། ཕྱོགས་ཁག་གིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་ནས། མི་སྣ་འཚོལ་སྐྱོབ་དང་། མང་ཚོགས་གནས་སྤོ། དངོས་ཟོག་གཏོང་སྤྲོད། འཕྲིན་གཏོང་དང་གློག་ཤུགས་སླར་གསོ་བཅས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། གེགས་ཁུལ་གྱི་སྤུན་ཟླའི་གཞི་རྩའི་འཚོ་བ་འགན་ལེན་འོས་འཚམ་བྱུང་བ་མཐོང་བས་དགའ་ཚོར་ཡང་ཆེན་པོ་བྱུང་། འདས་པོ་བདེ་བར་གཤེགས་པ་དང་། རྨས་མ་སྔ་ཙམ་དྲག་སྐྱེད་བྱུང་བ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁྱིམ་གཞིས་སྔ་ཙམ་བདེ་འཇགས་ཡོང་བའི་སྨོན་འདུན་ཞུ། 

ཐེ་ལན་བྱང་རྒྱུད་ཀྱི་ཀྲུང་གོའི་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པའི་འཚམས་འདྲིའི་ཡི་གེ།
ཁྲག་རྒྱུན་གཅིག་འདྲེས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱང་རིང་ནས་སྨོན་ལམ་བཏབ་པ།
             ཨ་མེ་རི་ཁ་བྱང་མའི་བོད་རིགས་སྤུན་ཟླ་ཚོགས་པའི་ཚོགས་གཙོ་སྤྲུལ་སྐུ་བདེ་ཆེན་གྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་ཚབ་ཞུས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་དང་སེམས་པ་གཅིག་མཐུན་ངང་རྒྱང་རིང་ནས་སྤུན་ཟླ་ཚོ་གེགས་མེད་དུས་བདེ་དང་།  གཟུགས་གཞི་བདེ་ཐང་། དཀའ་སྡུག་ཁྱད་བསད། ཁྱིམ་གཞིས་བསྐྱར་སྐྲུན་བཅས་ཡོང་བའི་སྨོན་ལམ་བཏབ་ཅིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་ཛ་དྲག་ངང་རོགས་སྐྱོར་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པར་དགའ་མགུ་ཡི་རང་ཆེན་པོ་བྱུང་ཞེས་དམིགས་སུ་བརྗོད་པ་དང་། ཁོང་གིས་ད་དུང་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་མཁན་ཀྲུང་གོ་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། སྲིད་གཞུང་གི་རོགས་སྐྱོབ་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད། ཁོང་གིས་ད་དུང་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་མེ་ཟོན་མི་སྣ་དང་། སྨན་དོན་མི་སྣ། མྱུར་སྐྱོབ་མི་སྣ་བཅས་ཚང་མ་བདེ་འཇགས་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། ཁོང་གིས་བརྩེ་བ་ཟབ་མོའི་ངང “ང་ཚོས་སྦྲ་ཆེན་རྫོང་གི་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་ལ། ནམ་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད། བཀྲ་ཤིས་བདེ་ལེགས”ཞེས་བརྗོད།

ཨ་མེ་རི་ཁ་བྱང་མའི་བོད་རིགས་སྤུན་ཟླ་ཚོགས་པའི་ཚོགས་གཙོ་སྤྲུལ་སྐུ་བདེ་ཆེན།
             ནེ་པ་ལའི་སེམས་མཐུན་ཕན་བདེ་ཚོགས་པའི་ཚོགས་གཙོ་འཇིག་དགའ་ཡིས། ས་ཡོམ་བརྒྱབ་ནས་མིའི་ཚེ་སྲོག་དང་། ཁྱིམ་གཞིས། འཚོ་ཐབས་བཅས་ཤོར་བ་ཤེས་སྐབས་སེམས་སྡུག་ཚད་མེད་བྱུང་། རྐྱེན་ལམ་དུ་ཤོར་མཁན་ལ་སྨོན་ལམ་འདེབས་རྒྱུ་དང་སྲོག་ཉེན་ལས་ཐར་མཁན་ཚོར་འཚམས་འདྲི་ཞུ་རྒྱུ་ཡིན། ཁོང་གིས་ནེ་པ་ལ་སོགས་སུ་བསྡད་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་ཚབ་ཞུས་ནས་ཏང་དང་སྲིད་གཞུང་གིས་གེགས་ཁུལ་དུ་ཛ་དྲག་ངང་རོགས་སྐྱོབ་དང་། ཉེན་སེལ། སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་རོགས་རམ་རྒྱ་ཁྱབ་བྱ་རྒྱུ་དང་། མེས་རྒྱལ་ལ་ཡིད་ཆེས་དང་དགའ་ཞེན་ཆེན་པོ་ཡོད་པའི་སེམས་པ་བཅངས་ཏེ་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན་ཞེས་བརྗོད། 

ནེ་པ་ལའི་སེམས་མཐུན་ཕན་བདེ་ཚོགས་པའི་ཚོགས་གཙོ་འཇིག་དགའ།
སྐྱིད་སྡུག་མཉམ་མྱོང་། ནེ་པ་ལའི་རིག་གཞུང་ལས་རིགས་ཀྱིས་བརྩེ་སེམས་ཟབ་མོས་འཚམས་འདྲི་ཞུས་པ།
             ནེ་པ་ལའི་ཐེ་ལི་པུའུ་ཝུན་སློབ་ཆེན་ནེ་པ་ལ་དང་ཨེ་ཤེ་ཡའི་ཞིབ་འཇུག་ལྟེ་གནས(CNAS)ཀྱི་ལག་བསྟར་ཀྲུའུ་རེན་འབུམ་རམས་པ་མུའུ་ལི་ཀེན་ཏེ་ལ་・པ་ཧ་ཏུར་・ཁར་ཅི(Mrigendra Bahadur Karki)ཡིས་འཕྲིན་ཡིག་སྤྲིངས་ནས། ལྟེ་གནས་དེའི་ཚབ་ཞུས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་མྱ་ངན་ཟབ་མོ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། འཕྲིན་ཡིག་ནང་། ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་ལོ་བརྒྱ་ཕྲག་གི་ལོ་རྒྱུས་དང་། རིག་གནས། སྙིང་སྟོབས་བཅས་དང་། དེ་བཞིན་མི་ཆོས་རིག་གནས་ཀྱི་འབྲེལ་བ་ཟབ་མོ་ཡོད། ནེ་པ་ལར་ཡང་ས་ཡོམ་གྱི་དཀའ་སྡུག་འཕྲད་མྱོང་བས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་མྱངས་པའི་སྡུག་བསྔལ་ལ་བསམ་ཤེས་གཏིང་ཟབ་ཐུབ་ཀྱི་འདུག འབུམ་རམས་པ་ཁར་ཅི་ཡིས། ཀྲུང་གོ་སྲིད་གཞུང་དང་། ས་གནས་རིམ་ཁག་སྡེ་ཚན། རོགས་སྐྱོབ་མི་སྣ། དེ་བཞིན་སྡེ་ཁུལ་མང་ཚོགས་བཅས་ཀྱིས་ད་ཐེངས་ཀྱི་གནོད་འཚེར་ཁ་གཏད་གཅོག་པའི་ཁྲོད་འབད་བརྩོན་ལྷོད་མེད་བྱས་པར་བསྔགས་བརྗོད་བྱས་པ་དང་། ཐུན་མོང་ཐོག་འབད་བརྩོན་བྱས་པ་དེ་དག་ལས་གནོད་འཚེ་ཕོག་པའི་ས་ཁུལ་མི་རིང་བར་བདེ་འཇགས་དང་། བརྟན་ལྷིང་། དར་རྒྱས་བཅས་སླར་གསོ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་དང་། “འདས་པོ་བདེ་བར་གཤེགས་པ་དང་། རྨས་མ་སྔ་ཙམ་དྲག་སྐྱེད་ཡོང་བ། གནོད་འཚེ་ཕོག་པའི་སྡེ་ཁུལ་གྱིས་ལ་རྒྱ་དང་། སྙིང་རུས། རེ་བ་བཅས་ལ་བརྟེན་ནས་འཚོ་བ་བསྐྱར་སྐྲུན་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

ནེ་པ་ལའི་ཐེ་ལི་པུའུ་ཝུན་སློབ་ཆེན་ནེ་པ་ལ་དང་ཨེ་ཤེ་ཡའི་ཞིབ་འཇུག་ལྟེ་གནས(CNAS)ཀྱི་ལག་བསྟར་ཀྲུའུ་རེན་འབུམ་རམས་པ་མུའུ་ལི་ཀེན་ཏེ་ལ・པ་ཧ་ཏུར・ཁར་ཅི།
             ཐེ་ལི་པུའུ་ཝུན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་པར་མུའུ་ཁུན་ཏ・ལེ་ཀེ་སྨི(Balmukunda Regmi)ཡིས། ས་ཡོམ་གྱི་གནས་ཚུལ་གོ་ཐོས་བྱུང་བས་སེམས་སྡུག་ཆེན་པོ་བྱུང་ལ། གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲིའང་ཞུ་རྒྱུ་ཡིན། “ནེ་པ་ལའི་མི་དམངས་ཀྱིས་སྔར་རྒྱུན་བཞིན་ཁྱེད་ཚོ་དང་མཉམ་དུ་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་འདོད་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ཀྲུང་གོ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་རོགས་སྐྱོབ་དང་བཀོད་སྒྲིག་བྱས་པར་སྙིང་དབུས་ནས་དགའ་མགུ་ཡི་རང་ཞུ་རྒྱུ་དང་ཀྲུང་གོ་མི་དམངས་ཀྱིས་གེགས་བར་དེ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད།

ནེ་པ་ལའི་ཐེ་ལི་པུའུ་ཝུན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་པར་མུའུ་ཁུན་ཏ・ལེ་ཀེ་སྨི།
ཕྱི་རྒྱལ་གྱི་མཛའ་གྲོགས་མི་སྣས་བརྗོད་དོན། རོལ་དབྱངས་དང་སེམས་བཟང་གིས་མཐོ་སྒང་དང་སྦྲེལ་མཐུད་བྱེད་པ།
             དབྱི་ཐ་ལིའི་ཝེ་ནེ་ཙུའེ་ལའི་རྒྱུད་པ་ཡིན་པའི་རོལ་དབྱངས་བ་ཧུའུ་ཨན・A・ཤིས་པེར་སི(Juan A. Siblesz)ཀྲུང་གོར་འཚོ་བ་བསྐྱལ་ནས་ལོ་ཉི་ཤུ་ཏག་ཏག་སོང་ཡོད་ཅིང་། སྔོན་ཆད་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་དང་ཡུན་ནན་སློབ་ཆེན་དུ་སློབ་སྦྱོང་བྱེད་མྱོང་བ་དང་ད་ཆ་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་དུ་གཞིས་ཆགས་ཡོད། རོལ་དབྱངས་མཁས་ཅན་ཞིག་ཡིན་པའི་ཁོང་གིས་ཀྲུང་གོའི་སྲོལ་རྒྱུན་གྱི་མི་རིགས་རོལ་དབྱངས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་རིག་གནས་དང་ཀྲུང་གོའི་མི་དམངས་ལ་བརྩེ་དུང་ཡང་ཟབ་མོ་བཅངས་ཡོད། 

དབྱི་ཐ་ལིའི་རྒྱུད་པ་ཝེ་ནེ་ཙུའེ་ལའི་རོལ་དབྱངས་བ་ཧུའུ་ཨན・A・ཤིས་པེར་སི།
             ཟླ10པའི་ཚེས23ཉིན་གྱི་ཞོགས་པ་ཧུའུ་ཨན་གཉིད་ལས་སད་མ་ཐག་སྦྲ་ཆེན་རྫོང་དུ་ས་ཡོམ་བརྒྱབ་པའི་གནས་ཚུལ་ཐོས་ཡོད་ཅིང་། ཁོང་གིས་འཚམས་འདྲིའི་ཡི་གེའི་ནང“ངས་གནོད་འཚེ་ཕོག་མཁན་ཚང་མར་སེམས་ཁུར་བྱེད་པ་དང་འབྲེལ་ཁྱེད་ཚོར་སྨོན་ལམ་ཡང་འདེབས་རྒྱུ་ཡིན། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ཁྱེད་ཚོའི་འཚོ་བ་གང་མགྱོགས་སླར་གསོ་ཐུབ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་སྐྱོབ་ཆེད་འབད་བརྩོན་བྱས་པར་སྙིང་དབུས་ནས་བརྩི་འཇོག་དང་ཡིད་སྨོན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་ངལ་ཁྲོད་མི་དམངས་ལ་རོགས་རམ་བྱེད་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། རོགས་སྐྱོབ་མི་སྣ་ཚང་མ་བདེ་ཐང་ཡོང་བའི་སྨོན་ལམ་ཡང་བཏབ།
དྲོ་སྐྱིད་གཅིག་སྡུད། ཡིད་ཆེས་མཉམ་གནས།
             ས་ཡོམ་ཞིག་གིས་རི་ཀླུང་གང་སར་སེམས་ཁྲལ་བྱུང་། ཧི་མ་ལ་ཡའི་རི་འདབས་ནས་གླིང་ཆེན་ཨ་མེ་རི་ཁ་བྱང་མའི་སྐམ་ས་ཆེ་མོའི་བར་དང་། མའེ་ཀུང་གཙང་པོའི་ངོགས་ནས་ཚང་ཧྲན་ཨེར་ཧའེ་རྒྱ་མཚོའི་བར་གྱི་འཚམས་འདྲི་དང་སྨོན་ལམ་རེ་རེ་རི་ཀླུང་བརྒལ་ཏེ་སྦྲ་ཆེན་དུ་འདུས། ཕྱིར་སྡོད་སྤུན་ཟླ་དང་ཕྱི་ཁོངས་མཛའ་གྲོགས་མི་སྣའི་གསུང་སྒྲ་དེ་དག་ལས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་ཡོད་ལ། ཀྲུང་གོའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཁས་ལེན་དང་རྒྱབ་སྐྱོར་གནང་ལུགས་ཀྱང་མཚོན་ཡོད། མིག་སྔར་སྦྲ་ཆེན་གྱི་ས་ཡོམ་རོགས་སྐྱོབ་དང་བཀོད་སྒྲིག་ལས་དོན་ལ་སྔར་བཞིན་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། གནོད་འཚེ་ཕོག་པའི་མང་ཚོགས་རིམ་བཞིན་དྲོད་སྲུང་ཆ་རྐྱེན་དེ་བས་ལེགས་པའི་བར་བརྒལ་བཀོད་སྒྲིག་ཁང་པར་སྤོས་པ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་ཀྱི་ཕྱོགས་ཁག་གི་རོགས་སྐྱོར། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་ལྕག་སྐུལ་བཅས་འོག སྦྲ་ཆེན་གེགས་ཁུལ་གྱི་མང་ཚོགས་ཀྱིས་ཡིད་ཆེས་བརྟན་གཏོང་དང་ལྟ་རེས་སྐྱོང་རེས་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྔ་ཙམ་བསྐྱར་སྐྲུན་ཐུབ་ངེས་རེད།