ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞིན་ཅང་གི་ཨ་ཁུ་ཨ་ལི་མུའུ་ཅང་བོད་ལྗོངས་སུ་ཡོངས་ཐེངས་གཉིས།

སྤེལ་དུས 2026-11-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།


       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན། སྦྲ་ཆེན་གྱི་ས་ཡོམ་རིམ་པ7.0ཅན་གྱི་གེགས་སེལ་མཇུག་འགྲིལ་བ་དང་། ཨ་ལི་མུའུ་ཅང·ཧ་ལི་ཁེ་ལྷ་སར་ལོག་རྗེས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཐེངས་དང་པོ་བསྐྱོད། ཁོང་གི་བསམ་ཡུལ་ལས་འདས་པ་ཞིག་ནི། དྲ་འབོད་རླངས་འཁོར་ལ་བསྡད་པ་ལས་ཁོང་གིས་བོད་ལྗོངས་ཀྱི་མི་སེར་དཀྱུས་མའི་སྤྲོ་སེམས་ཚོར་ཐུབ་པ་བྱུང་།

       “ཁྱེད་རང་དྲ་ཐོག་གི་ཞིན་ཅང་ཨ་ཁུ་ལགས་དེ་ཡིན་ནམ”

       རླངས་འཁོར་གཏོང་མཁན་གྱི་བོད་མོ་དེས་བརྒྱབ་ཤེལ་བརྒྱུད་ཁོང་ངོ་ཤེས་ནས་དགའ་སྣང་ཆེན་པོས་སྐད་ཆ་དྲིས། རླངས་འཁོར་ནང་གི་འགྲུལ་པ་སྦྲ་ཆེན་ས་ཡོམ་གེགས་ཁུལ་ནས་ལོག་མ་ཐག་པའི་ཨ་ལི་མུའུ་ཅང་ཡིན་པ་ཤེས་རྗེས། ཁོ་མོས་ཐུགས་རྗེ་ཆེ་ཡང་ཡང་ཞུས་པར་མ་ཟད། ད་དུང་རང་འགུལ་ངང་བཟའ་ཟླར་ངོ་འཕྲད་ཁ་པར་བཏང་ནས་རང་གིས་དགའ་པོ་བྱེད་པའི་ཞིན་ཅང་ཨ་ཁུ་ལགས་དེ་འཕྲད་བྱུང་ཞེས་བཤད། བུ་མོ་དེས་ཨུ་ཚུགས་ཀྱིས་རྡལ་གླ་མི་ལེན་པར་ང་ཚོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རིན་མེད་ངང་བསྐྱལ།

       “སྦྲ་ཆེན་རྫོང་དུ་ས་ཡོམ་རྒྱག་སྐབས། ཁྱེད་རང་ས་ཐག་རིང་པོ་ཞིན་ཅང་ནས་ཕེབས་པར་མ་ཟད། ད་དུང་ཆེད་མངགས་རླངས་བཀག་ཧ་ཡང་འཁྱེར་ནས་ཚང་མར་རོགས་རམ་གནང་གི་ཡོད་པས་ང་ཚོས་གུས་བཀུར་ཞུ་འོས་པའི་མི་ཞིག་རེད”ཅེས་པའི་བུད་མེད་ཁ་ལོ་བའི་སྐད་ཆ་དེས་ཁོང་སེམས་འགུལ་ཆེན་པོ་ཐེབས། ཁོ་མོས་ད་ཐེངས་ཀྱི་ཐུག་འཕྲད་དེས“མི་རིགས་ལྔ་བཅུ་ང་དྲུག་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མྱོང་ཚོར་དངོས་སུ་བྱུང་ཞེས་བཤད།


གློག་དམར་པོ་སྒུག་པའི་ཞོར་ལ་དྲ་འབོད་རླངས་འཁོར་གྱི་ཁ་ལོ་བས་བཟའ་ཟླར་ངོ་འཕྲད་ཁ་པར་བཏང་ནས་ཨ་ལི་མུའུ་ཅང་ལ་ཐུགས་རྗེ་ཆེ་ཞུ་བཞིན་པ།

       ཨ་ལི་མུའུ་ཅང་གི་ངོས་ནས་བརྗོད་ན། དེ་ནི་བོད་ལྗོངས་ཀྱི་འགྲུལ་བཞུད་ཁྱད་པར་ཅན་ཞིག་རེད།

       ཨ་ལི་མུ་ཅང་གིས“ང་བོད་ལྗོངས་སུ་ཐེངས་གཉིས་ཡོང་མྱོང་། གཉིས་ཀ་གེགས་སེལ་གྱི་ཆེད་དུ་ཡིན་པ་ལས་དངོས་སུ་སྤྲོ་འཆམ་བྱེད་པའི་ཁོམ་པ་མ་བྱུང་། དེ་ནི་ང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡོང་ཐེངས་དང་པོ་ཡིན”ཞེས་བཤད།

       དེ་སྔོན། 2010ལོར་མཚོ་སྔོན་ཡུལ་ཤུལ་དུ་ས་ཡོམ་རིམ་པ7.1བརྒྱབ་པ་དང་། 2025ལོར་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ། 2026ལོར་ཀན་སུའུ་ཐེ་བོ་རྫོང་དུ་ས་ཡོམ་རིམ་པ5.5བརྒྱབ་རྗེས། ཨ་ལི་མུའུ་ཅང་གེགས་ཁུལ་དུ་བསྐྱོད་དེ་རོགས་སྐྱོབ་ལས་དོན་ནང་ཞུགས་པ་རེད། ད་རེས་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0ཅན་བརྒྱབ་པ་དང་ཁོང་སླར་ཡང་ཞིན་ཅང་ནས་རྡོག་ཐོན་བྱས་ཏེ་རླངས་བཀག་ཧ་ཡང་ཆེན་པོ་གཉིས་འཁྱེར་ནས་ཟི་ལིང་དང་ལྷ་ས་བརྒྱུད་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཞང་གི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད།

       ས་བབ་མཐོ་ཚད་སྨི4900ཙམ་ཡོད་པའི་བཀོད་སྒྲིག་བྱ་ཡུལ་དུ་ལ་དུག་ཕོག་རྐྱེན་ཁོང་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད། ཨ་ལི་མུའུ་ཅང་གིས“དིང་རིར་ས་ཡོམ་རྒྱག་སྐབས། ང་ཚོ་ཞིན་ཅང་ནས་རླངས་འཁོར་བཏང་སྟེ་ཡོང་བ་ཡིན། སྐབས་དེ་དུས་མི་མེད་ལུང་སྟོང་ཁུལ་སྒྲོལ་སྐབས་ལ་དུག་ཕོག་ནས་འཁྱོལ་ཨ་ཡོང་སྙམ་བྱུང་། ད་ཐེངས་སྔར་བཞིན་མགོ་ན་ནས་གསོ་རླུང་རྔུབ་དགོས་བྱུང་། ཡིན་ནའང་ངས་ལས་ཀ་མང་ཙམ་བྱེད་དགོས་སྙམ”ཅེས་བཤད།

       ཡུ་གུར་རིགས་ཤིག་ཡིན་པའི་ཆ་ནས་སྐབས་འདིར་ཕོ་བྲང་པོ་ཏ་ལའི་གཤམ་དུ་སླེབས་པའི་ཁོང་སྤྲོ་བས་རབ་ཏུ་ཁེངས“དེ་གར་ལངས་ནས་ཕོ་བྲང་པོ་ཏ་ལ་ཡག་པོ་ཞིག་མ་མཇལ་ཚེ་ང་ཚོའི་མི་རིགས་མང་པོའི་རྒྱལ་ཁབ་ནི་ཇི་འདྲའི་སྟོབས་ལྡན་ཞིག་ཡིན་པ་ཚོར་ཐབས་བྲལ་ལ། ཀྲུང་གོ་བ་ཞིག་ཡིན་པའི་སྤོབས་སེམས་ཀྱང་ཚོར་ཐབས་བྲལ”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད། གསར་འགོད་པས་ཨ་ལི་མུའུ་ཅང་ལ་ཕོ་བྲང་པོ་ཏ་ལའི་མདུན་དུ་ཡོད་པའི་འདྲ་པར་ཐོག་མ་དེ་བརྒྱབ་རོགས་བྱས།


ཨ་ལི་མུའུ་ཅང་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བརྒྱབ་པའི་འདྲ་པར་ཐོག་མ།

       གནོད་འཚེ་ཐོན་རིམ་བཞིན་ཁོང་གིས་ས་ཐག་རིང་ཐུང་ལ་མ་ལྟོས་པར་ཡོང་དོན་ཅི།

       “གནོད་འཚེ་ཐོན་སྐབས་མང་ཚོགས་ལ་མཁོ་ཆེ་ཤོས་ནི་ལྟོ་ཆས་ཚ་པོ་དེ་ཡིན”ཞེས་པ་ནི་གསར་འགོད་པས་བཅར་འདྲི་བྱེད་སྐབས་ཁོང་གིས་རྟག་ཏུ་ཤོད་པའི་སྐད་ཆ་རེད།

       ས་བབ་མཐོ་བའི་ས་ཁུལ་གྱི་གེགས་སེལ་ནང་ཐེངས་མང་ཞུགས་པར་ཁོང་གིས་མཐོ་སྒང་གི་གཡོས་སྦྱོར་ཉམས་མྱོང་མི་ཉུང་བ་ཞིག་བསགས་ཡོད། སྤྱིར་བཏང་ཧ་ཡང་གིས་ས་བབ་མཐོ་བའི་ས་ཁུལ་དུ་ཟས་འཚོད་དཀའ། དེར་བརྟེན་ད་ཐེངས་ཁོང་གིས་ཆེད་མངགས་རླངས་བཀག་ཧ་ཡང་ཆེན་པོ་གཉིས་འཁྱེར་ཡོད། ཁོང་གིས་རང་ཉིད་ཀྱིས་རྒྱུས་མངའ་ཡོད་པའི་ཞིན་ཅང་གི་ཟླ་འབྲས་བཟོས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་མགྱོགས་མྱུར་ལྟོ་ཆས་ཚ་པོ་ཞིག་བཟའ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

       ཟླ་འབྲས་བཟོ་བ་ཕུད། ཁོང་གིས་ད་དུང་དངུལ་སྨར་ཕྲན་བུ་འཁྱེར་ནས་དགོས་མཁོ་ཡོད་པའི་མང་ཚོགས་ལ་འཚོ་བའི་མཁོ་ཆས་ཉོ་རོགས་བྱེད་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱི་ནུས་པར་ཚད་ཡོད་པས་མི་རེར་སྒོར་བརྒྱ་ཕྲག་ཁ་ཤས་ལས་སྤྲོད་ཐུབ་ཀྱི་མེད། འོན་ཀྱང་གེགས་བར་བྱུང་རྗེས་སྒོར་བརྒྱ་ཕྲག་ཁ་ཤས་ཀྱིས་དོན་དངོས་ཀྱི་གནད་དོན་ཁ་ཤས་ཐག་གཅོད་ཐུབ་ཀྱི་ཡོད་ཅེས་བཤད།

       གེགས་སེལ་རིང་ས་གནས་དེ་གའི་འགན་ལེན་ལས་དོན་ཐད་ཀྱི་མྱོང་ཚོར་གླེང་སྐབས་ཨ་ལི་མུའུ་ཅང་གིས“རྒྱལ་ཁབ་ཀྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་། ང་ཚོ་མ་སླེབས་གོང་འབྲེལ་ཡོད་སྡེ་ཚན་གྱིས་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་པ་དང་། འཐུང་ཆུ་དང་། གློག དྲ་རྒྱ་སོགས་ཀྱི་འགན་ལེན་མགྱོགས་མྱུར་དོན་ཐོག་ཏུ་འཁྱོལ་བ་དང་འགན་ལེན་གྱི་ནུས་པ་ཧ་ཅང་ཆེན་པོ་འདུག”ཅེས་བཤད།

       གཟུགས་པོས་རྐྱེན་པས་ཨ་ལི་མུའུ་ཅང་མཐར་སྦྲ་ཆེན་ནས་ལྷ་སར་སྔ་སྣུར་དུ་ཕྱིར་ལོག་བྱེད་དགོས་བྱུང་། དེའི་ཐད་ཁོང་གིས་ད་དུང་གནོང་འགྱོད་ཅུང་ཙམ་བྱེད་ཀྱི་ཡོད“ངས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་བྱ་བ་མང་པོ་སྒྲུབ་མ་ཐུབ་ཀྱང་རང་ནུས་གང་ལྕོགས་བྱས་ཡོད། སླད་ཕྱིན་གཟུགས་པོས་ལྕོགས་ན་སྤྱི་ཚོགས་དང་མི་རིགས་མཐུན་སྒྲིལ་ལ་ཕན་པའི་བྱ་བ་དེ་བས་མང་བ་སྒྲུབ་ཐུབ་པའི་རེ་བ་ཡོད”ཅེས་བཤད།

       “གནོད་འཚེ་ཐོན་རིམ་བཞིན་ང་ཚོ་མི་རིགས་མི་འདྲ་བའི་ངོ་གདོང་མཐོང་རྒྱུ་ཡོད་པ་དང་། ང་ཚོ་མི་རིགས་ལྔ་བཅུ་ང་དྲུག་ནི་ཇི་འདྲའི་མཐུན་སྒྲིལ་ཆེ་བ་ཡོད་པ་འཛམ་བུ་གླིང་གིས་མཐོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་པ་དེ་ནི་ཨ་ལི་མུའུ་ཅང་གིས་ལེ་དབར་སྟོང་ཕྲག་བརྒལ་བའི་གདམ་ག་རེད།


ཨ་ལི་མུའུ་ཅང་དང་ཞིན་ཅང་གི་བུ་མོ་ཀྲེ་ཅ་ཤིན་གྱིས་སྦྲ་ཆེན་རྫོང་དམར་རུ་ཞང་གི་གྲོང་ཚོ་གཉིས་པར་གནོད་འཚེ་ཕོག་པའི་ཕྲུ་གུ་ཚོར་བག་ལེབ་སྤྲད་པ།

       མི་བཟང་གཅིག་གིས་མི་བཟང་མང་པོར་སྐུལ་ཁྲིད་བྱས་པ།

       ཨ་ལི་མུའུ་ཅང་གི་ཆ་ནས་བརྗོད་ན། སྤྱི་ཕན་རོགས་སྐྱོབ་ནི་མི་གཅིག་གི་བྱ་བ་ཞིག་གཏན་ནས་མིན།

       “དེ་སྔ་རང་ཉིད་ཀོང་ཤིས་སུ་གེགས་སེལ་ནང་ཞུགས་སྐབས། ཉིན་གསུམ་མ་སོང་བར་མཚོ་སྔོན་དང་། ཀན་སུའུ། ཧོ་ནན། ཀུའེ་ཀྲོའུ་སོགས་ནས་ཡོང་བའི་མི་གཅིག་རྗེས་གཉིས་མཐུད་དུ་ཞུགས་ནས་ང་ཚོ་དང་མཉམ་དུ་བྱ་བ་བཟང་པོ་བསྒྲུབས། ད་རེས་ནག་ཆུར་ཡང་དེ་ལྟར་ཡིན་ཏེ་མཚོ་སྔོན་གྱི་གྲོགས་པོ་དང་། ལྷ་སའི་གྲོགས་པོ། ད་དུང་ཞིན་ཅང་གི་གྲོགས་པོ་བཅས་ས་ཡུལ་དངོས་སུ་སླེབས་ཡོད”

       ཁོང་གིས་གསར་འགོད་པར་སྦྲ་ཆེན་གེགས་ཁུལ་གྱི་དང་བླངས་པ་ནི་ས་གནས་དང་མི་རིགས་མི་འདྲ་བ་ཡིན་པ་དང་། ལ་ལས་ལན་ཀྲོའུ་ཡི་འཐེན་ཐུག་བཟོ་བ་དང་། ལ་ལས་ཟླ་འབྲས་བཟོ་བ། ལ་ལས་ཕིང་བཟོ་བ། ལ་ལས་ཐུག་པ་བཟོ་བ་བཅས་ཚང་མས་རང་ཉིད་ཀྱི་ཁྱད་ཆོས་སྟོན་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་རོགས་སྐྱོབ་མི་སྣར་མཉམ་དུ་རོགས་རམ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

       “ཏུང་ཞང་རིགས་དང་། ཧུའེ་རིགས། རྒྱ་རིགས། ཡུ་གུར་རིགས་སོགས་མི་རིགས་མི་འདྲ་བའི་སྤུན་ཟླ་ཚང་མ་སླེབས་ཡོད། དེ་ནི་མཐུན་སྒྲིལ་གྱི་སྟོབས་ཤུགས་རེད། མི་རིགས་ཁག་དབར་མཐུན་སྒྲིལ་བྱས་ཚེ་ཁྱད་བསད་མི་ཐུབ་པའི་དཀའ་ངལ་མེད་པའི་ཡིད་ཆེས་བརྟན་པོ་ཡོད”


2026ལོར་ཨ་ལི་མུའུ་ཅང་ཀོང་ཤིས་ཀྱི་ཆུ་སྐྱོན་རོགས་སྐྱོབ་བྱ་ཡུལ་དུ་ཐེངས་གཉིས་བསྐྱོད་པ།

       ཉམས་མྱོང་འདི་དག་གིས་ཀྱང་ཁོང་ལ་མི་རིགས་མང་པོ་འདུས་པའི་འཕྲལ་མཁོའི་བཟའ་བཏུང་རོགས་སྐྱོབ་རུ་ཁག་ཅིག་འཛུགས་དགོས་པའི་བསམ་ཚུལ་ཞིག་བྱུང་། “ངའི་རེ་བར་ནམ་ཞིག་མི་རིགས་ཁག་གི་ཁོངས་མི་ལས་གྲུབ་པའི་འཕྲལ་སྡོམ་བཟའ་འཐུང་དཔུང་ཁག་ཅིག་བཙུགས་ནས། ཞིན་ཅང་གི་ཟླ་འབྲས་དང་བག་ལེབ་བཟོ་མཁན་གྱི་མ་བྱན་ཁྲིད་དེ་གང་དུ་དགོས་མཁོ་ཡོད་ན་དེ་གར་ཕྱིན་པ་དང་། གནོད་འཚེ་ཐོན་སྐབས་ཚང་མས་མཉམ་དུ་དཀའ་ངལ་ཁྱད་བསད་བྱ་རྒྱུ་དེ་ནི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཤིག་རེད”

       མི་གཅིག་གིས་རླངས་བཀག་ཧ་ཡང་འཁྱེར་ནས་གེགས་ཁུལ་དུ་བསྐྱོད་པ་ནས་གཅེས་སེམས་མི་སྣ་དེ་བས་མང་བ་དེའི་ནང་ཞུགས་པའི་བར་ཨ་ལི་མུའུ་ཅང་གིས་རོགས་རེས་ཀྱི་སྙིང་སྟོབས་དེ་རིགས་མུ་མཐུད་རྒྱུན་འཁྱོངས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།


2026ལོར་ཨ་ལི་མུའུ་ཅང་ཀོང་ཤིས་ཀྱི་ཆུ་སྐྱོན་རོགས་སྐྱོབ་བྱ་ཡུལ་དུ་ཐེངས་གཉིས་བསྐྱོད་པ།

       དྲོད་ཁོལ་མུ་མཐུད་རྒྱུད་སྤྲོད་བྱེད་དགོས།

       ཨ་ལི་མུའུ་ཅང་གི་སྤྱི་ཕན་ལམ་བུ་དེའང་ཁོང་ལ་དེ་སྔ་རོགས་རམ་ཐོབ་མྱོང་བ་དང་ཡང་འབྲེལ་བ་ཡོད།

       དམག་ཁོངས་ནས་ཕྱིར་ལོག་རྗེས། ཁོང་དེ་སྔ་ཀུའེ་ཀྲོའུ་རུ་འཚོ་བ་བསྐྱལ་ནས་བསྡད། འཚོ་བར་དཀའ་ངལ་འཕྲད་སྐབས་ས་གནས་དེ་གའི་མང་ཚོགས་ཀྱིས་ཁོང་ལ་དོ་ཁུར་མི་ཉུང་བ་བྱས་མྱོང་། དཔྱིད་གསར་དུས་ཆེན་རིང་གྲོགས་པོ་ཞིག་གིས་ཁོང་ཁྱིམ་དུ་ཇ་འཐུང་བ་དང་དུས་ཆེན་གཏོང་བར་སྐད་བཏང་བར་མ་ཟད། མི་འགའ་རེས་དཔལ་འབྱོར་ཐད་ཁོང་ལ་རོགས་རམ་བྱེད་མྱོང་།

       “སྐབས་དེ་དུས་ངས། སླད་ཕྱིན་རང་ཉིད་ཀྱི་དཔལ་འབྱོར་ཆ་རྐྱེན་ལེགས་སུ་འགྲོ་དུས་མི་གཞན་ལ་སྤྲོ་སྣང་སྦྱིན་རྒྱུ་དང་། དྲོ་སྐྱིད་བརྒྱུད་སྤྲོད་བྱེད་དགོས་བསམ་མྱོང་།”

       ད་ཆ། ཁོང་གིས་ཝུའུ་ལུའུ་མུའུ་ཆིར་བོགས་གཏོང་རླངས་འཁོར་ཀུང་སི་ཞིག་གཉེར་ནས་བཟའ་ཟླ་དང་ཕྲུ་གུ་ཚང་མ་འཚོ་བ་ཧ་ཅང་ཡག་པོ་སྐྱེལ་ཐུབ་པར་མ་ཟད། དཔལ་འབྱོར་གྱི་ཆ་རྐྱེན་ཡང་རིམ་བཞིན་བརྟན་དུ་ཕྱིན་ཡོད་ལ་སྤྱི་ཕན་བྱ་སྤྱོད་ཀྱང་མཚམས་འཇོག་བྱེད་མ་མྱོང་།

       “ང་ནི་ལེ་ཧྥུང་གི་སྙིང་སྟོབས་སློབ་སྦྱོང་བྱས་ནས་འཚར་ལོངས་བྱུང་བ་ཞིག་ཡིན”ཞེས་བཅར་འདྲི་བྱེད་སྐབས་ཨ་ལི་མུའུ་ཅང་གིས་དམིགས་སུ་བཀར་ནས་བརྗོད། ད་རེས་ད་དུང《ལེ་ཧྥུང་གི་ཉིན་ཐོ》དེབ་ཁ་ཤས་བོད་ལྗོངས་སུ་འཁྱེར་ཡོད། ཕྲུ་གུ་ཚོས་ལེ་ཧྥུང་གི་གཏམ་རྒྱུད་ཤེས་རྟོགས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་སློབ་སྦྱོང་བྱེད་དུ་འཇུག་རྒྱུའི་རེ་བ་ཡོད་ཅེས་བཤད།

       “ངའི་ཕྲུ་གུ་ད་ལྟ་ཆུང་ཆུང་ཡིན། ངས་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་ཕྲུ་གུ་ཚོར་མིག་དཔེ་སྟོན་ཏེ་ཆུང་དུས་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་ཤེས་པ་བྱ་རྒྱུ་ཡིན” ཏང་ཡོན་ཞིག་ཡིན་པའི་ཆ་ནས་ཨ་ལི་མུའུ་ཅང་གིས་སྤྱི་ཕན་བྱེད་སྒོར་ཞུགས་པ་ནི་མི་སྒེར་གྱི་གཅེས་སེམས་མཚོན་པ་ཞིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

       “ནང་སའམ་ཡང་ན་ས་ཆ་གཞན་གང་དུ་ཡིན་རུང་། མེས་རྒྱལ་གྱི་ས་གཞིའི་ཐོག་ཏུ་མང་ཚོགས་ལ་དཀའ་ངལ་འཕྲད་ཚེ་ངས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱ་རྒྱུ་ཡིན། དེ་ནི་རྒྱལ་གཅེས་ཀྱི་མཚོན་ཚུལ་ཞིག་རེད། ས་ཆ་གང་དུ་བསྐྱོད་པ་དང་ཕ་རོལ་མི་རིགས་གང་ཡིན་རུང་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་རོགས་རམ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས”

       སྔོན་ཆད་ཐོབ་པའི་གཟི་བརྗིད་ཀྱི་མཚན་སྙན་ལ་ཁོང་རང་ཉིད་ཀྱི་ངོས་འཛིན་བྱེད་སྟངས་ཤིག་ཡོད་དེ། “གཟི་བརྗིད་ནི་ངའི་ཆ་ནས་བརྗོད་ན་འགན་འཁྲི་ཞིག་ཡིན་པ་དང་། དེ་ནི་མེ་ལོང་ཞིག་དང་འདྲ་བར་བྱ་བ་གང་ཞིག་སྒྲུབ་རུང་རྒྱལ་ཁབ་ཀྱིས་ང་ལ་གནང་བའི་གཟི་བརྗིད་ཀྱི་མཚན་སྙན་ལ་ངས་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས”ཞེས་པ་དེ་ཡིན།


ཨ་ལི་མུའུ་ཅང་གིས་ཞིན་ཅང་ནས་འཁྱེར་ཡོང་བའི《ལེ་ཧྥུང་གི་ཉིན་ཐོ》སྦྲ་ཆེན་རྫོང་གི་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་སློབ་མར་སྤྲོད་བཞིན་པ།

       གེགས་སེལ་བྱེད་ཐེངས་རེ་རེའི་ཁྲོད་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་མཐོང་བ།

       བོད་ལྗོངས་སུ་གེགས་སེལ་ནང་ཞུགས་ཐེངས་རེར། ཨ་ལི་མུའུ་ཅང་གིས་དེ་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་ཐུབ་ཡོད།

       “བོད་ལྗོངས་ཀྱི་སྤུན་ཟླའི་འཚོ་བ་སྐྱེལ་སའི་ས་ཆ་མང་པོར་འགྱུར་ལྡོག་ཆེན་པོ་ཕྱིན་པ་ངས་མཐོང་བྱུང་། དེ་སྔའི་ཐག་རིང་ལུང་ཁུག་ཁག་གཅིག་ཏུ་གློག་ཤར་གཏོང་ཐུབ་པ་དང་། དུད་ཚང་བཅུ་ཕྲག་ཁ་ཤས་ཀྱི་ས་ཆར་གཞུང་ལམ་བཟོས་ཡོད་པ། ད་ཆ་འབྲོག་པའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་དང་འཚོ་བ་ཡང་ལེགས་སུ་ཕྱིན་ཡོད། ལྷག་པར་དུ་ཆུ་དང་གློག་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་འདུག”

       ཞིན་ཅང་གི་འཕེལ་རྒྱས་སྐོར་གླེང་སྐབས་ཁོང་ལ་མྱོང་ཚོར་ཟབ་མོ་ཡོད།

       “ཉེ་བའི་ལོ་ཤས་རིང་ཞིན་ཅང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་སྤྱི་ཚོགས་བདེ་འཇགས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཐུན་སྒྲིལ་གྱི་རྣམ་པ་ཧ་ཅང་བཟང་པོ་ཡོད་ལ། ལས་ཞུགས་ཐད་སྲིད་གཞུང་གིས་ཀྱང་བྱེད་ཐབས་མང་པོ་སྤྱད་དེ་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རོགས་བྱས་ཡོད། རྫོང་གྲོང་ཁག་གཅིག་ལོ་བཅུ་གྲངས་ཁ་ཤས་གོང་འགྲོ་མྱོང་ཡོད། ད་ཆ་སླར་ཡང་ཕྱིན་ན་གྲོང་ཁྱེར་གསར་པ་ཞིག་བསྐྲུན་པ་ལྟར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད”

       ཁོང་གི་ངོས་ནས་བརྗོད་ན། ཞིན་ཅང་དང་བོད་ལྗོངས་དབར་བར་ཐག་རིང་པོ་ཆོད་ཀྱང་། ས་ཆ་གཉིས་ཀར་མི་རྣམས་དགའ་འོས་པའི་འགྱུར་ལྡོག་འགྲོ་བཞིན་ཡོད།


ཨ་ལི་མུའུ་ཅང་དང་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པ་སྦྲ་ཆེན་གྱི་ས་ཡོམ་རིམ་པ7.0གྱི་གེགས་སེལ་བྱ་ཡུལ་དུ་ཡོད་པ།

       ལྷ་ས་ནས་ཝུའུ་ལུའུ་མུའུ་ཆིར་ལོག་རྗེས། ཨ་ལི་མུའུ་ཅང་གིས་སླར་ཡང་གསར་འགོད་པར་ཁ་པར་བཏང་སྟེ། ཁོང་གིས་ཕྱིར་ལོག་བྱེད་པའི་ལམ་བར་དུ་མི་མང་པོ་ཞིག་གིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་དང་བསྔགས་བརྗོད་བྱས་པར་མ་ཟད། མི་མང་པོ་ཞིག་གིས་ཁོང་ངོ་ཤེས་ནས་རང་འགུལ་ངང་མདུན་ཡོང་ནས་ཐུགས་རྗེ་ཆེ་ཞུས་བྱུང་ཞེས་བཤད།

       “ངས་བསྒྲུབས་པ་ནི་སྤྱིར་བཏང་གི་བྱ་བ་ཤ་སྟག་ཡིན་ཀྱང་དཔའ་བོ་ལྟ་བུའི་ཐོབ་ཐང་རགས་པར་རང་ཉིད་ཀྱིས་ཀྱང་གཟི་བརྗིད་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་བྱུང་”

       ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་བུ་མོ་དེས་རྡལ་གླ་མི་ལེན་པ་དང་། གེགས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་མི་རིགས་མི་འདྲ་བའི་དང་བླངས་པ་ཚོས་མཉམ་དུ་ལྟོ་ཆས་ཚ་པོ་བཟོ་བ། ཕྱིར་ལོག་པའི་ལམ་བར་དུ་ཆ་རྒྱུས་མེད་པའི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་འཚམས་འདྲི་བྱས་པ་སོགས་སྤྱིར་བཏང་གི་སྐད་ཅིག་མ་རེ་རེས་ཨ་ལི་མུའུ་ཅང་ལ་སེམས་བཟང་འབྲས་བུ་བཅུད་དུ་ལེན་ཐུབ་པ་བྱུང་ཡོད།


ཨ་ལི་མུའུ་ཅང་གིས་ཀོང་ཤིས་སུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཞལ་གྱེས་ཞུས་བཞིན་པ།

       ཞིན་ཅང་ནས་སྦྲ་ཆེན་བར་དང་། རླངས་བཀག་ཧ་ཡང་གཅིག་ནས་མི་རིགས་མང་པོའི་རོགས་སྐྱོབ་རུ་ཁག་བར། ཨ་ལི་མུའུ་ཅང་གིས་མི་ཞིག་གི་སྟོབས་ཤུགས་ལ་ཚད་ཡོད་ཀྱང་མི་དེ་བས་མང་བས་རོགས་སྐྱོར་བྱེད་འདོད་ན་དྲོ་ཁོལ་གྱིས་ཕྱུག་ཅིང་སྟོབས་དང་ལྡན་པའི་ཚོགས་པ་ཅིག་སྒྲུབ་ཐུབ་པའི་ཡིད་ཆེས་ནམ་ཡིན་ཡང་བྱེད་ཀྱི་ཡོད།

       “མི་བཟང་གཅིག་གིས་མི་བཟང་མང་པོ་སྐུལ་ཁྲིད་བྱེད་པ”དེ་ནི་ལོ་མང་རིང་ཁོང་གིས་སྤྱི་ཕན་བྱ་སྤྱོད་མཐའ་འཁྱོངས་བྱས་པའི་དད་སེམས་བརྟན་པོ་ཤིག་ཡིན་ལ། ད་ཐེངས་བོད་ལྗོངས་སུ་བསྐྱོད་པ་ལས་ཁོང་ལ་བཞག་པའི་མྱོང་ཚོར་ཟབ་མོ་ཞིག་ཀྱང་རེད།

རྩོམ་སྒྲིག་པ། རིག་གྲོལ།