ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཚོང་རྟགས་མང་པོས་གསེར་གྱི་རྒྱན་ཆའི་རིན་གོང་མར་བཅག་འདུག

སྤེལ་དུས 2026-11-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             ཟླ11པའི་ཚེས20ཉིན་གྱི་ཉོ་ཚོང་ནང་། རྒྱལ་སྤྱིའི་གསེར་གྱི་དུས་བཅད་ཚོང་ཟོག་དང་ལག་ཡོད་ཚོང་ཟོག་གི་རིན་གོང་དེ་ཨང་སི་རེར་ཨ་སྒོར3550མན་བར་ཆག་ཡོད་པ་དང་། དེའི་ནང་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་སྐབས་ཤིག་རིང5%ཙམ་ཆག་ཡོད། ཟླ11པའི་ཚེས21ཉིན། རྒྱལ་ནང་གི་གསེར་གྱི་རྒྱན་ཆའི་ཚོང་རྟགས་མང་པོ་ཞིག་གིས་གསེར་གྱི་རྒྱན་ཆའི་རིན་གོང་བཅག་ཡོད་པ་དང་། ཚོང་རྟགས་ཁག་གཅིག་གི་རིན་གོང་ཁེ་རེར་སྒོར1056ནས་སྒོར1068བར་བཅག་ཡོད། དེ་ཉིན་གཅིག་གོང་དང་བསྡུར་ན་ཁེ་རེར་སྒོར20ནས34བར་ཆག་ཡོད་པ་རེད།


             གསེར་གྱི་རིན་གོང་བསྟུད་མར་ཆག་པས། རྒྱལ་ནང་གི་གསེར་འཛད་སྤྱོད་ཁྲོམ་རར་དེ་དང་བསྟུན་ནས་འདེམས་ཉོའི་ཚ་རླབས་འཕྱུར་ཡོད་དེ། ཧྲང་ཧའེ་ཡི་གསེར་ཚོང་ཁང་མང་པོའི་འགྲུལ་རྒྱུན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། མ་འོངས་པར་གསེར་གྱི་རིན་གོང་འཕེལ་ཕྱོགས་ཐད། ལས་རིགས་ནང་ཁུལ་གྱི་མི་སྣས་དབྱེ་ཞིབ་བྱས་པ་བརྒྱུད། དུས་ཡུན་ཐུང་འབྲིང་ནང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་སྐྱེད་ཀ་སྤོར་བའི་སྔོན་དཔག་དང་ཨ་སྒོར་གྱི་འཕེལ་ཕྱོགས་ལ་གཙོ་གནད་ཐོག་དོ་སྣང་བྱ་དགོས་པ་དང་། དུས་ཡུན་རིང་པོ་ནས་བལྟས་ན། ཨ་རིའི་དོན་དངོས་ཀྱི་སྐྱེད་ཀའི་ཚད་དང་ཨ་སྒོར་གྱི་འཕེལ་ཕྱོགས། དེ་བཞིན་གོ་ལ་ཧྲིལ་པོའི་ཀྲུང་དབྱང་དངུལ་ཁང་གིས་གསེར་ཉོ་བའི་འཕེལ་རིམ་སོགས་ཀྱི་རྒྱུ་རྐྱེན་གྱིས་སྔར་བཞིན་གསེར་གྱི་ཚོང་རའི་སྤྱིའི་གོམ་སྟབས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད། རིན་གོང་ཆག་པ་དེས་ཐད་ཀར་ས་ཡུལ་དངོས་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་ཐེབས་ཡོད། ཉེ་དུས་ཧྲང་ཧའེ་ཡི་ཚོང་རའི་ཁུལ་གྱི་གསེར་ཚོང་ཁང་མང་པོ་ཞིག་གིས་བྲིན་སྐུལ་བྱེད་སྒོ་སྣ་ཚོགས་སྤེལ་བས། གསེར་གྱི་རྒྱན་ཆ་འདེམས་ཉོའི་ཚ་རླབས་འཕྱུར་ཡོད། ཏུན་ཧོང་གསེར་ཧྲང་ཧའེ་ཡུས་ཡོན་ཚོང་ཁང་གི་ཚོང་གཉེར་བ་ཏེང་ཀོན་ཡུའེ་ཡིས། གསེར་གྱི་རྒྱན་ཆའི་རིན་གོང་དེ་རྒྱལ་སྤྱིའི་གསེར་གྱི་རིན་གོང་འཕར་ཆག་དང་བསྟུན་ནས་བཅག་ཡོད་པས། འཛད་སྤྱོད་པ་ཆ་སྙོམས་མི་རེས་ཉོ་བའི་རིན་གོང་བལྟོས་བཅས་ཀྱིས་དེ་བས་ཁེ་བ་ཡོད་ཅེས་བརྗོད་ཡོད། ལའོ་མེའོ་ཅིན་རོན་ལོའུ་རིག་གནས་ཚོང་ཁང་གི་བྲིན་ཚོང་སྤྱི་གཉེར་ཧྭ་དབྱི་ཡིས། ཚོང་ཁང་གིས་ཁེ་རེའི་རིན་གོང་རྩི་བའི་ཐོན་རྫས་ཚང་མ་ཁེ་རེར་སྒོར100བཅག་ཡོད་པས། གཟའ་མཇུག་ལ་ཕལ་ཆེར་ཚོང་འགྲུལ་མང་པོ་ཡོང་རྒྱུ་རེད་ཅེས་བརྗོད་ཡོད།

རྩོམ་སྒྲིག་པ། རིག་གྲོལ།