ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ལྷ་སའི་བརྒྱད་གཅིག་སྡེ་ཁུལ་གྱི་ཁྱིམ་ཚང་ལོ་རྒྱུས་ཁང་།

སྤེལ་དུས 2025-07-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་དུ་གྲོང་མིའི་དྲན་འཆར་སྣ་ཚོགས་འདུས་པའི་ཁྱིམ་ཚང་ལོ་རྒྱུས་ཁང་ཞིག་གིས་སྡེ་ཁུལ་གྱི་རྣམ་པར་རིམ་བཞིན་འགྱུར་ལྡོག་གཏོང་བཞིན་ཡོད། བོད་ལྗོངས་ཀྱི་སྡེ་ཁུལ་གྱི་ཁྱིམ་ཚང་ལོ་རྒྱུས་ཁང་ཐོག་མ་དེ་ཡིན་པའི་ལོ་རྒྱུས་ཁང་དེས་མི་རབས་ཁ་ཤས་ཀྱི་འབད་འཐབ་གཏམ་རྒྱུད་ཟིན་ཐོར་བཀོད་ཡོད་ལ། མི་རིགས22དང་གྲོང་མི་དུད་ཚང6183འབྲེལ་མཐུད་བྱེད་པའི“བརྩེ་དུང་གི་འབྲེལ་ཟམ”ཞིག་ཏུ་དེ་བས་འགྱུར་ནས་དེ་སྔ“ཆ་རྒྱུས་མེད་པའི་ཁྱིམ་མཚེས”དག་ད་ལྟ“བདེ་སྐྱིད་ལྡན་པའི་ཁྱིམ་ཚང”ཞིག་ཏུ་གྱུར་ཡོད། 

བརྒྱད་གཅིག་སྡེ་ཁུལ་གྱི་ཁྱིམ་ཚང་ལོ་རྒྱུས་ཁང་།
             བརྒྱད་གཅིག་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་ཆགས་ཤིང་། བརྒྱད་གཅིག་སྡེ་ཁུལ་གྱི་ལོ་རྒྱུས་ནི1952ལོ་དང1951ལོར་དམག་དཔོན་ཀྲང་གོ་ཧྭ་དང་ཐན་ཀོན་སན་གྱིས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ཚོའི་སྣེ་ཁྲིད་དེ་ལྷ་སར་བཅའ་སྡོད་བྱེད་སྐབས་སུ་ཁུངས་གཏུགས་ཆོག་པ་དང་། 1952ལོའི་ཟླ8པར་བོད་ལྗོངས་སུ་དམག་མིས་གསར་སྦོལ་བྱས་པའི་ཞིང་ར་དང་པོ་སྟེ་བརྒྱད་གཅིག་ཞིང་ར་བཙུགས་པ་རེད། ད་ཆ་བརྒྱད་གཅིག་ཞིང་རར་མིང་གསར་པ་ཞིག་ཡོད་པ་སྟེ“བརྒྱད་གཅིག་སྡེ་ཁུལ”ཞེས་བརྗོད་ཀྱི་ཡོད་ཅིང་། ས་ཆ་དེའང་རིམ་བཞིན་ད་ལྟའི་མི་རིགས་མང་བའི་འདུས་སྡོད་ཁུལ་དུ་འཕེལ་རྒྱས་ཕྱིན་ཡོད། ད་ལྟ་འདི་གར་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། སོག་རིགས། དབྱི་རིགས་སོགས་མི་རིགས22ཀྱི་ཁྱོན་དུད་ཚང6183དང་མི17126འཚོ་སྡོད་བྱས་ཡོད་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་གནས་འདིར་གླ་པར་ཡོང་བའི་བོགས་གཡར་དུད་ཚང་གིས70%ཟིན་པ་མ་ཟད། “ཁྱིམ་མཚེས་ཡིན་ཡང་ཕན་ཚུན་རྒྱུས་མངའ་མེད་པའི”གནད་དོན་ཧ་ཅང་མངོན་གསལ་དོད་པས་འགལ་བ་ཆུང་ཆུང་རྩོད་གཞི་ཆེན་པོར་འགྱུར་སླ་པོ་ཡོད། མང་ཚོགས་དབར་ཕན་ཚུན་ངོ་མི་ཤེས་པ་ལས་བྱུང་བའི་འགལ་ཟླ་ཐག་གཅོད་བྱ་ཆེད། བརྒྱད་གཅིག་སྡེ་ཁུལ་གྱིས་མང་ཚོགས་ཀྱི་ཐོག་མའི་གསར་གཏོད་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ནས་མང་ཚོགས་གར་སྟེགས་ཐོག་གདན་དྲངས་ཏེ་བོད་ལྗོངས་སུ་སྡེ་ཁུལ་གྱི་ཁྱིམ་ཚང་ལོ་རྒྱུས་ཁང་དང་པོ་དེ་གསར་དུ་བསྐྲུན་ཡོད།
             དཀའ་གནད་དེ་སེལ་བའི་ཆེད་དུ། 2024ལོར་བརྒྱད་གཅིག་སྡེ་ཁུལ་ཏང་ཨུད་ཀྱིས“ཁྱིམ་ཚང་གི་ལོ་རྒྱུས”འགོ་འཛུགས་སར་བྱས་ནས།  བོད་ལྗོངས་སུ་སྡེ་ཁུལ་གྱི་ཁྱིམ་ཚང་ལོ་རྒྱུས་ཁང་དང་པོ་བསྐྲུན་རྒྱུའི་ཐག་བཅད་ཅིང་། ཆེད་སྒྲུབ་དྲ་མིག་པས་གྲོང་མི་དུད་ཚང548ལ་འཚམས་འདྲིར་བསྐྱོད་ནས་འདྲ་པར་རྙིང་པ་དང་། ཅ་དངོས་རྙིང་པ། ལག་བྲིས་བྱས་པའི་ཁྱིམ་ཚང་གི་ལོ་རྒྱུས་བཅས་བསྡུ་རུབ་བྱས་ཏེ་མཐར་གཏམ་རྒྱུད94ལེགས་འདེམས་ཀྱིས་འགྲེམས་སྟོན་བྱས་པའི་ནང་ཁྱིམ་ཚང39ཡི་འདྲ་པར་རྙིང་པ་དང་ཅ་དངོས་ཐོག་ནས་འདས་ཟིན་པའི་ལོ་ཟླ་གསོན་ཉམས་དོད་པོས་མངོན་པ་དང་། གྲོང་མི་དུད་ཚང55ཡི་ལག་བྲིས་འཕྲིན་ཡིག་ཐོག་ནས་ཁྱིམ་ཚང་གི་འཕོ་འགྱུར་གསལ་འགྲེལ་བྱེད་བཞིན་མཆིས། 
             ཁྱིམ་ཚང་ལོ་རྒྱུས་ཁང་གི་འགྲེམས་སྟོན་ཁྲོད་གྲོང་མི་སྨོན་མཛེས་གཡང་ལགས་ཀྱི་གཏམ་རྒྱུད་ནི་མི་སེམས་ལ་སྐུལ་མ་ཐེབས་དགོས་པ་ཞིག་ཡོད་ཅིང་། ཁོང་གི་ཕ་མ་གཉིས་ནི་སྔོན་ཆད་བོད་ལྗོངས་རྙིང་པའི་དམངས་ཁྲོད་སྒྱུ་རྩལ་པ་ཡིན་པས། གཉའ་གནོན་ཚད་མེད་མྱོང་ཡོད་པ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་གཞི་ནས་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད། ད་ཆ་ཁོང་གིས་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་གི་སྣེ་ཁྲིད་ནས་ཞབས་བྲོ་སྒྲིག་བཟོ་བྱས་ཏེ་སྒྱུ་རྩལ་ལ་བརྟེན་ནས་དྲིན་ཚོར་གྱི་སེམས་པ་བརྒྱུད་སྤྲོད་བྱེད་བཞིན་ཡོད། “ཕ་མེས་ཚོའི་དུས་རབས་དང་བསྡུར་ན་ད་ལྟའི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཁྱིམ་ཚང་ལོ་རྒྱུས་ཁང་བརྒྱུད་ང་ཚོས་ཕ་མེས་ཚོ་བོད་ལྗོངས་རྙིང་པའི་སྒྱུ་རྩལ་པ་ནས་སྤྱི་ཚོགས་གསར་པའི་རིག་རྩལ་ལས་དོན་པར་འགྱུར་བ་དྲན་བྱུང་ལ། ད་ལྟ་སྡེ་ཁུལ་གྱི་རིག་རྩལ་རུ་ཁག་གང་སར་འཁྲབ་སྟོན་བྱེད་པའི་གོ་སྐབས་བྱུང་བ་དེའང་ཏང་གི་བཀའ་དྲིན་རེད”ཅེས་སྨོན་མཛེས་གཡང་ལགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད། 

བརྒྱད་གཅིག་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་ཡིན་པ་དང་མདུན་གྲལ་གྱི་གཡོན་གྱི་གཉིས་པ་ནི་སྨོན་མཛེས་གཡང་ལགས།
             ཁྱིམ་ཚང་ལོ་རྒྱུས་ཁང་འདི་ཉིད་གྲོང་མིས་སྔར་སོང་ལོ་རྒྱུས་ལ་ཕྱིར་དྲན་བྱེད་ས་ཞིག་ཏུ་གྱུར་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི“དྲ་ཐོག་མིང་ཅན་གྱི་གཱ་ཐོ་འགོད་ས”ཞིག་ཏུ་དེ་བས་གྱུར་ཡོད། མཁོ་ཆོད་སྡེ་ཁུལ་ལས་དོན་པ་པད་དབྱང་གིས། གྲོང་མི་མང་པོ་ཞིག་གིས་བོད་ཀྱི་རིག་གནས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པས། སྡེ་ཁུལ་གྱིས་བོད་རྒྱ་སྐད་གཉིས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ནས་རིག་གནས་མཉམ་འདྲེས་ལ་སྔར་བས་སྐུལ་འདེད་གཏོང་རྩིས་ཡོད། དེའི་ཐད་གྲོང་མི་ཚོས་ཧ་ཅང་ཡག་པོ་འདུག་ཅེས་བརྗོད་ཀྱི་འདུག་ལ། ཁྱིམ་ཚང་ལོ་རྒྱུས་ཁང་གིས་ང་ཚོའི་སེམས་པ་དེ་བས་ཉེ་བཅར་ཐུབ་པར་བྱས་བྱུང་ཞེས་ངོ་སྤྲོད་བྱས།
             ཁྱིམ་ཚང་ལོ་རྒྱུས་ཁང་ཕུད། བརྒྱད་གཅིག་སྡེ་ཁུལ་གྱིས་ད་དུང“བསྒར་བརྒྱན་རྣམ་པའི་དམངས་ཕན་ཞབས་ཞུའི་མགྲོན་གཏུག་ཁང”ཧུར་ཐག་བསྐྲུན་ནས། སྡེ་ཁུལ་གྱི་ཟ་ཁང་དང་། རྒན་རྒོན་གྱི་བྱེད་སྒོ་ལྟེ་གནས། བྱིས་པ་བཅོལ་གསོ་ཁང་། ལུས་གསོའི་ཁང་ཆུང་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས“གཞུང་སྐྲུན་དམངས་གཉེར”གྱི་རྣམ་པ་འཚོལ་ཞིབ་བྱས་ཏེ་གྲོང་མི་ཚོར“ཁྱིམ་གྱི་སྒོ་འགྲམ”ནས་སྟབས་བདེའི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།

གྲོང་མི་ཚོས་ཁྱིམ་ཚང་ལོ་རྒྱུས་ཁང་དུ་ཀེ་རོམ་རྩེད་བཞིན་པ།
             སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་གཡང་སྐྱིད་ཀྱིས། མི་རིགས་ཁག་དབར་སྤེལ་རེས་ལ་ཤུགས་སྣོན་རྒྱག་ཆེད། སྡེ་ཁུལ་གྱིས“སེ་འབྲུ་དམར་པོའི”སྐད་འཕྲིན་ཚོགས་པ་བཙུགས་ནས་མི་རིགས་ཁག་གི་གྲོང་མི་ཚོ་དེའི་ནང་བཅུག་སྟེ་དུས་ཆེན་འཆར་རིམ་བཞིན་ཚང་མ་སྒྲིག་འཛུགས་ཀྱིས་མི་རིགས་མི་འདྲ་བའི་གོས་གྱོན་ནས་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུ་གི་ཡོད། “མཉམ་འཛོམས་བྱེད་རིམ་བཞིན་དོན་སྙིང་ཧ་ཅང་ཆེན་པོ་འདུག གྲོང་མི་ཚོའི་འཛུམ་མདངས་ནི་ང་ཚོའི་ལས་དོན་ལ་ཁས་ལེན་ཆེ་ཤོས་བྱེད་པ་ཞིག་ཡིན”ཞེས་བཤད། 

བརྒྱད་གཅིག་སྡེ་ཁུལ་གྱི་ཟ་ཁང་།
             བརྒྱད་གཅིག་སྡེ་ཁུལ་གྱི་གཏམ་རྒྱུད་ནི་ལྷ་ས་གྲོང་ཁྱེར་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཡིན་ལ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད། སྔོན་ཆད་དམག་མིས་གསར་སྦོལ་བྱས་པའི་ཞིང་ར་ནས་ད་ལྟའི་མི་རིགས་མང་བའི་འཆམ་མཐུན་སྡེ་ཁུལ་བར་གྱི་འགྱུར་ལྡོག་ལས་ཏང་གི་མི་རིགས་སྲིད་ཇུས་གངས་ལྗོངས་ས་མཐོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་བདེན་དཔང་བྱས་ཡོད། ཁྱིམ་ཚང་ལོ་རྒྱུས་ཁང་དུ་འགྲེམས་སྟོན་བྱས་པ་ནི་ཁྱིམ་ཚང་རེ་རེའི་དྲན་ཤེས་ཙམ་མ་ཟད། སྡེ་ཁུལ་ཧྲིལ་པོའི་ཐུན་མོང་གི་བསམ་པའི་རྒྱུ་ནོར་ཞིག་དེ་བས་ཀྱང་ཡིན། དམངས་ཕན་མགྲོན་གཏུག་ཁང་གིས་མཁོ་འདོན་བྱས་པ་ནི་འཚོ་བའི་ཞབས་ཞུ་ཙམ་མ་ཟད། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་ཡང་ཡིན། བརྒྱད་གཅིག་སྡེ་ཁུལ་གྱིས་ཁྱིམ་ཚང་ལོ་རྒྱུས་ལ་བརྟེན་ནས་ཁྱིམ་མཚེས་ཀྱི་བརྩེ་དུང་སྦྲེལ་མཐུད་དང་ཞབས་ཞུར་བརྟེན་ནས་གྲོང་མིའི་སེམས་ལ་དྲོ་སྐྱིད་སྦྱིན་ཏེ“སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”མཛེས་སྡུག་ལྡན་པའི་འདུན་པ་མངོན་འགྱུར་བྱུང་ཡོད།