ལྷ་ས་སྐྱིད་ཆུའི་ངོགས་ཀྱི་གསུམ་ལྡན་གྲོང་ཚོའི་བདེ་སྐྱིད་ས་ཚིགས་ཀྱིས“རྒན་གཅིག་གཞོན་གཅིག”བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པར་བྱས་པ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་ཆུ་ཤུར་རྫོང་གི་སྐྱིད་ཆུའི་ངོགས་སུ་གནས་པའི་གསུམ་ལྡན་གྲོང་ཚོར་བོད་བཟོའི་ཉམས་དང་དེང་རབས་ཀྱི་ནུས་པ་མཉམ་འདྲེས་ཀྱི་སྐྲུན་དངོས་ཤིག་ཡོད་པ་དེས་མི་སེམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་གྱི་ཡོད། མ་དངུལ་སྒོར་ཁྲི350བཏང་ནས་བསྐྲུན་པའི་བདེ་སྐྱིད་ས་ཚིགས་འདི་ཉིད་བོད་ལྗོངས་ཀྱི་གྲོང་ཚོ་རིམ་པའི་རྒན་གསོ་བཅོལ་གསོའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཐོག་མ་དེ་ཡིན་པའི་ངོས་ནས“རྒན་བྱིས་མཉམ་སྡོད”ཀྱི་གསར་གཏོད་བྱེད་སྟངས་ལ་བརྟེན་ནས་ཡུལ་གཞན་དུ་གནས་སྤོ་བྱས་པའི་གྲོང་ཚོ་དེར་དམངས་འཚོའི་བདེ་སྐྱིད་ཀྱི་རྨང་གཞི་ཞིག་བཏིང་ཡོད།
བདེ་སྐྱིད་ས་ཚིགས་ཀྱི་ལས་དོན་པ་དང་རྒན་རྒོན་ཚོ་ཉིན་མོའི་ལྟ་སྐྱོང་ཁང་དུ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།
བདེ་སྐྱིད་ས་ཚིགས་ཀྱིས་གནད་སྨིན་ཞབས་ཞུར་བརྟེན་ནས་དམངས་འཚོའི་དཀའ་གནད་བསལ་ནས། རྒན་རྒོན18བསྡུས་པ་དང་། ཁྱིམ་ཚང16གི་ངལ་ནུས་བཅིངས་འགྲོལ་བཏང་སྟེ། ལས་ཞུགས་བརྟན་པོ་ཐུབ་པར་བྱས་ཤིང་། ངལ་ནུས་དེ་དག་བློ་བདེའི་ངང་ཕྱིར་གླ་པར་བསྐྱོད་པའི་ཡོང་འབབ་ནི་འཚོ་བ་ལེགས་སུ་གཏོང་བའི་འགན་ལེན་བརྟན་པོ་ཞིག་རེད་ལ། དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་གཏིང་ཤུགས་ཤིག་ཀྱང་ཡིན། ས་ཚིགས་དེའང་ལས་ཞུགས་ལས་སྟེགས་གལ་ཆེན་ཞིག་ཡིན་ཞིང་། དེས་ལས་ཞུགས་ལས་གནས་བརྟན་པོ2ཐད་ཀར་བཏོད་ནས། གྲོང་ཚོ་དེ་གའི་ངལ་རྩོལ་ནུས་ཤུགས་སྔོན་ལ་བསྡུ་ལེན་བྱས་པའི་ནང་ལས་གནས15དེ་སྔའི་མང་ཚོགས་དབུལ་པོར་ཆེད་མངགས་ཕྱོགས་པས་ལས་བཟོ་མི་རེར་ཟླ་རེར་ཡོང་འབབ་སྒོར2600བྱུང་སྟེ་གྲོང་མི་ཚོར་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་བྱུང་ཡོད་ལ། ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཡང་དུ་ནུས་ལྡན་ཕྱིན་ཏེ“ཁྱིམ་ཚང་ལ་ལྟ་རྟོག”དང“ཡོང་འབབ་བརྟན་པོ”གཉིས་ཀ་ཡོང་བར་བྱས་ཡོད།
དགུ་པའི་ཚེས་དགུའི་དུས་ཆེན་སྐབས་བདེ་སྐྱིད་ས་ཚིགས་ཀྱི་རྒན་རྒོན་ཚོས་མཉམ་དུ་སྐྱེས་སྐར་གཏོང་བཞིན་པ།
ས་ཚིགས་མ་བསྐྲུན་གོང་ཁྱིམ་ཚང་མང་པོ་ཞིག་ལ་ཆེད་མངགས་རྒན་རྒོན་ལ་ལྟ་སྐྱོང་བྱེད་མཁན་མཁོ་བས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་ལ་ཞུགས་ཐབས་བྲལ་ལ། སྨན་བཅོས་བདག་སྐྱོང་གི་འགྲོ་སོང་འཕར་མའི་ཁུར་པོའང་ལྕི་པོ་ཡོད། ས་ཚིགས་ཀྱིས་ཆེད་ལས་དང་། ཕྱོགས་ཡོངས། འགྲོ་གྲོན་ལུགས་མཐུན་བཅས་ཀྱི་ཉིན་མོའི་ལྟ་སྐྱོང་དང་། བདེ་ཐང་ལྟ་ཞིབ་ཚད་ལེན(གྲོང་ཚོའི་སྨན་པས་ཉིན་ལྟར་རྒན་རྒོན་གྱི་ཁྲག་ཤེད་ལྟ་བ་དང་བརྟག་དཔྱད་ཐོ་འགོད་བྱེད་པ)དང་། ལུས་གསོའི་ཞབས་ཞུ(དཔེར་ན་འཕུར་མཉེད་དང་གསོ་བཅོས་ལྟ་བུ)བཅས་མཁོ་འདོན་བྱས་ནས། ཕྱི་རོལ་དུ་ལས་ལ་གཞོལ་མཁན་བུ་ཕྲུག་ཚོའི་སེམས་ཁྲལ་བསལ་བར་མ་ཟད། རྒན་རྒོན་ཚོ་བདེ་འཇགས་དང་སྐྱིད་སྣང་ལྡན་པའི་ཁོར་ཡུག་ཁྲོད་ལུས་པོ་གསོ་ཐུབ་པར་བྱས་ཡོད། ལོ70ལ་སླེབས་པའི་སྤོ་བོ་ཚེ་རིང་བཀྲ་ཤིས་ཀྱིས“དོན་དངོས་ཐོག་ས་ཚིགས་ནང་ང་ཚོར་དགོས་པ་ཚང་མ་འདུག ཞོགས་པ་གྲོང་ཚོའི་སྨན་པས་ང་ཚོར་ཁྲག་ཤེད་ལྟ་བ་དང་གཟུགས་པོའི་གནས་ཚུལ་འདྲི་བ་དང་། ཉིན་གུང་ཡོལ་རྗེས་ང་དང་གྲོགས་པོ་རྙིང་པ་ཚོ་མཉམ་དུ་ཤོ་དང་མིག་མངས་རྩེད་པ་མ་ཟད། ཅི་འཕྲོལ་མོལ་འཕྲོས་ཀྱང་བྱེད་ཀྱི་ཡོད”ཅེས་བཤད། ལོ་བཅུའི་གོང་ས་སྨད་གྲོང་ཚོ་ནས་འདི་གར་སྤོས་རྗེས་སྤོ་བོ་ཚེ་རིང་བཀྲ་ཤིས་དང་རྨོ་བོ་ཨེ་བསོད་ནམས་གཉིས་ཀྱིས་ས་ཚིགས་སུ་འཚོ་བ་གསར་པ་ཞིག་སྐྱེལ་འགོ་ཚུགས་ཤིང་། ཁོང་གིས“བུ་ལྷ་སར་བློ་བདེ་པོའི་ངང་ལས་ཀ་བྱེད་རྒྱུ་བྱུང་ལ། ང་ཚོ་རྒན་ཁོག་གཉིས་ཀྱང་འདི་གར་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

སྤོ་བོ་ཚེ་རིང་བཀྲ་ཤིས་དང་རྨོ་བོ་ཨེ་བསོད་ནམས།
ས་ཚིགས་ཀྱིས་རྒན་རྒོན་ལ་ལྟ་སྐྱོང་བྱེད་པར་མ་ཟད། དེའི་བྱིས་བཅོལ་ལྟེ་གནས་ཀྱིས་ཕྲུ་གུ་བཅོལ་གསོའི་དགོས་མཁོ་དངོས་ལ་དེ་བས་དོ་ཁུར་བྱེད་ཅིང་། རྒན་རྒོན་གྱིས་ཕྲུ་གུ་གཉོར་རོགས་བྱེད་སྐབས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་མི་འདང་བའི་གནད་དོན་ལ་དམིགས་ནས། ལས་དོན་མི་སྣས་དུས་བཀག་ལྟར་འཚོ་བཅུད་དང་། འཕྲོད་བསྟེན། བདེ་འཇགས་སོགས་བརྗོད་དོན་གཙོ་བོའི་འཆད་ཁྲིད་བྱས་པས་རྒན་རྒོན་ཚོས་ཚན་རིག་དང་མཐུན་པའི་ངང་གསོ་སྐྱོང་བྱེད་པའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། དེས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་འགན་ལེན་བྱས་པ་མ་ཟད། རྒན་རྒོན་དང་ཚ་བོ་ཚ་མོའི་དབར་གྱི་བརྩེ་དུང་ཡང་དེ་བས་ཟབ་ཏུ་ཕྱིན་ཏེ“རྒས་དུས་ལས་ཀ་བྱ་རྒྱུ་ཡོད་པ”དང“ཕྲུ་གུ་གསོ་སྐྱོང་བྱེད་མཁན་ཡོད་པ”ཞི་མཐུན་གཅིག་གྱུར་བྱུང་ཡོད།
བྱིས་པ་ཚོ་བདེ་སྐྱིད་ས་ཚིགས་ཀྱི་བྱིས་བཅོལ་ཁང་དུ་རྩེད་མོ་རྩེ་བཞིན་པ།
བདེ་སྐྱིད་ས་ཚིགས་ནི2020ལོར་བསྐྲུན་པའི་རྒན་གསོའི་ས་ཚིགས་ལ་བསྒྱུར་བཀོད་བཏང་ནས་བྱུང་བ་ཞིག་ཡིན་པ་དང་། སྐབས་དེར་རྒན་རྒོན24ལ་ཞབས་འདེགས་ཞུ་བཞིན་ཡོད། གྲོང་མི་ཚོའི་དགོས་མཁོ་ཉིན་རེ་བཞིན་སྣ་མང་དུ་ཕྱིན་པ་དང་བསྟུན་ནས་གསུམ་ལྡན་གྲོང་ཚོའི་རྒན་གསོ་ས་ཚིགས་ཀྱིས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག 2022ལོར་རིམ་སྤོར་རྒྱ་སྐྱེད་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཡོད། གསར་དུ་བསྐྲུན་པའི་བདེ་སྐྱིད་ས་ཚིགས་ཀྱིས་སྲོལ་རྒྱུན་དང་སྣ་རྐྱང་གི་རྒན་གསོ་བྱེད་སྟངས་གསར་གཏོད་རང་བཞིན་གྱིས་མེད་པ་བཟོས་ནས། བདེ་སྲུང་ཁང་དང་། སྨན་རྫས་མཛོད། བྱིས་བཅོལ་ལྟེ་གནས། རྒན་རྒོན་གྱི་བྱེད་སྒོ་ལྟེ་གནས་སོགས་ཀྱི་ནུས་པ་མཉམ་འདྲེས་དམ་ཟབ་བྱས་ཡོད། གནས་འདིར་རྒན་རྒོན་ཚོས་ཞོགས་པའི་ལུས་པོ་བརྟག་དཔྱད་བྱེད་སྐབས་བྱིས་པ་ཚོའི་དགོད་སྒྲ་ཐོས་ཐུབ་པ་དང་། སྤོ་ལགས་དང་རྨོ་ལགས་ཚོས་དཔེ་ཀློག་བྱེད་སྐབས་ཚ་བོ་དང་ཚ་མོ་ཚོས་རྩེད་མོ་རྩེ་བ་མཐོང་ཐུབ་པས། “རྒན་གཞོན་མཉམ་འདྲེས”ཀྱི་རྣམ་པ་དེས་དམངས་འཚོའི་ཞབས་ཞུའི་དྲོ་སྐྱིད་དང་བློ་གྲོས་ལ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།
བོད་ལྗོངས་ཀྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཐོག་མ་དེ་ཡིན་པའི་གསུམ་ལྡན་གྲོང་ཚོ་འཕེལ་རྒྱས་ཕྱིན་པ་དེ་ཏང་ཀྲི་པུའི་དང་ཐོག་མཐའ་བར་གསུམ་དུ་ཁ་འབྲལ་ཐབས་མེད། 2016ལོར་དུད་ཚང180དང་གྲོང་མི767གྱི་སྣེ་ཁྲིད་དེ་རི་ཁུག་ནས་ཁྱིམ་གཞིས་གསར་པར་སྤོས་པ་ནས་བྱ་གསོ་ར་བ་དང་། བཞོན་མ་གསོ་ཚགས་ཁང་། འགྱིག་ཤོག་དྲོད་ཁང་སོགས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་བར་དང་། དེ་ནས་ད་ཆ་བདེ་སྐྱིད་ས་ཚིགས་མཚོན་བྱེད་དུ་བྱེད་པའི་རྒན་གསོ་བཅོལ་གསོའི་ཞབས་ཞུའི་མ་ལག་འཛུགས་པའི་བར། ཏང་ཀྲི་པུས་རིམ་རྩིས་བྱས་ན་མི་ཐེངས342ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས། དུད་ཚང་རེར་ཉུང་མཐར་ཡང་ངལ་རྩོལ་ནུས་ཤུགས1ལས་ཞུགས་བརྟན་པོ་ཐུབ་པའི་འགན་ལེན་བྱས་པ་དང་། གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་གནས་སྤོ་བྱེད་མ་ཐག་པའི་སྒོར3000ལྷག་ཙམ་ནས་ད་ལྟའི་སྒོར20700བར་འཕར་ཡོད། “རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ”དང“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”སོགས་གཟི་བརྗིད་མཚན་སྙན་དེ་དག་རི་གྲོང་ལ་འགྱུར་ལྡོག་ཤུགས་ཆེན་བྱུང་བ་དང་དམངས་འཚོ་ལེགས་སུ་ཕྱིན་པའི་བདེན་དཔང་ནུས་ལྡན་ཞིག་རེད།
གྲོང་ཚོའི་སྨན་པ་བདེ་ཆེན་ལྷ་མོས་རྒན་རྒོན་ལ་ཁྲག་ཤེད་ལྟ་བཞིན་པ།
ད་ཆ་བདེ་སྐྱིད་ས་ཚིགས་ཀྱི་རྒན་རྒོན་ཚོས་རང་འགུལ་ངང“བོད་ལྗོངས་གསར་རྙིང་བསྡུར་བའི”སྒྲོག་འགྲེལ་པ་བྱས་ཏེ། རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་གཞོན་ནུ་ཚོའི་སེམས་ཁམས་གསོ་བར་བྱེད་ཀྱི་ཡོད། སླད་ཕྱིན་གསུམ་ལྡན་གྲོང་ཚོས“རྒན་གསོ་བཅོལ་གསོ+”ཡི་ཞབས་ཞུའི་ནང་དོན་མུ་མཐུད་གཏིང་ཟབ་དང་རྒྱ་ཆེར་བཏང་ནས། རྒན་རྒོན་གྱི་དགོས་མཁོ་ལྟེ་བར་བྱེད་པའི་ཞབས་འདེགས་ཞུ་ཡུལ་དེ་བས་མང་བ་སྐྲུན་རྒྱུ་འཚོལ་ཞིབ་བྱེད་པ་དང་། སེམས་ནུས་ཡོད་རྒུས་རྒས་དུས་གསོ་མཁན་ཡོད་པ་དང་། བྱིས་པ་སྐྱོང་མཁན་ཡོད་པ། དམངས་ལ་སྤྲོ་སྣང་ཡོད་པ་བཅས་ཀྱི་བདེ་སྐྱིད་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་རེད་ལ། སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པའི་ས་ཆ་འདིར་བདེ་སྐྱིད་ནི་ཤང་ཤང་དུ་རྒྱུག་པའི་སྐྱིད་ཆུ་ལྟར་གྲོང་མི་ཚང་མའི་སེམས་ཀྱི་ཞིང་ས་རློན་བཞིན་མཆིས།