ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ལོ་བདུན་ཅུའི་བགྲེས་སོང་ཞིག་གིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས།

སྤེལ་དུས 2026-04-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

       སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བྱི་དོར་བྱེད་མཁན་གྱི་གྲས་སུ། འཁར་རྒྱུག་ཐོགས་ཤིང་འཐང་ངེ་འཐིང་ངེའི་ངང་འགྲོ་བཞིན་བའི་བགྲེས་སོང་ཞིག་མངོན་གསལ་ཤིན་ཏུ་དོད། ཁོང་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ལ་ཐོག་གྲོང་ཚོའི་དགུང་ལོ70ལྷག་ཙམ་ལ་ཕེབས་པའི་བགྲེས་སོང་དཀོན་མཆོག་རྡོ་རྗེ་རེད། རྐང་པ་ཐང་ཐང་མེད་ཀྱང་ཁོང་གིས་སྔར་བཞིན་བྱེད་སྒོར་མཐའ་འཁྱོངས་ཞུགས་ཤིང་། མིག་མདུན་གྱི་བརྗིད་ཉམས་ལྡན་པའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གཟིགས་བཞིན་དུ“ཏང་གི་བླ་ན་མེད་པའི་ཐུགས་རྗེའི་བཀའ་དྲིན་དང་། སྔོན་གཤེགས་དཔའ་བོས་རང་སྲོག་བློས་གཏོང་གནང་བ་ནམ་ཡང་བརྗེད་མི་སྲིད་ལ།  གལ་སྲིད་ཁོང་རྣམ་པ་མེད་ན། ད་ཆ་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་ཡོད་མི་སྲིད”ཅེས་སེམས་འགུལ་ཐེབས་བཞིན་དུ་བརྗོད། 

       ཉེ་ཆར། པེ་ཅིང་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དོན་གཅོད་ཁྲུའི་ལ་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྐབས་གསར་པའི་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་འབྲེལ་བྱས་ཏེ་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་། “གཉིས་ལྡན་དུད་སྦྲེལ”གྱི་དུད་དཔོན། དེ་བཞིན་མང་ཚོགས་ཀྱི་འཐུས་མི་བཅས་ཁྱོན་མི་གྲངས20ལྷག་ཙམ་སྒྲིག་འཛུགས་བྱས་ནས།  དྭངས་གསལ་དུས་ཚིགས་རིང་ནག་ཆུ་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ལ་བྱི་དོར་བགྱིས་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཟབ་མོ་ཞུས་པ་དང་།  དེ་ཡང་ལ་ཐོག་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱིས་ལོ་བཞི་བསྟུད་མར་དྭངས་གསལ་དུས་ཚིགས་རིང་གི་སྔ་ནུབ་ཏུ་ཆེད་མངགས་འདིར་ཡོང་ནས་བྱི་དོར་བྱེད་བཞིན་ཡོད། 

       གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་དུ། ཚང་མ་གྲལ་སྒྲིག་ཅིང་རྣམ་འགྱུར་སྒམ་ནན་དོད། ལག་ཏུ་མེ་ཏོག་དང་དཀར་གཙང་གི་ཁ་བཏགས་ཐོགས་པ་དང་དྲན་གསོའི་རྡོ་རིང་ལ་ཕྱོགས་ནས་གུས་འདུད་ཐེངས་གསུམ་ཞུས། དེ་རྗེས་ཚོགས་ར་ཡོངས་མགོ་བོ་སྒུར་རེར་ལངས་ཏེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་བསྒྱུར། འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས། 

       བགྲེས་སོང་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་འཁར་རྒྱུག་ཐོགས་ནས་དལ་བུར་མདུན་དུ་བསྐྱོད་ཅིང་། བང་སོ་རེ་རེའི་མདུན་དུ་ཡུན་རིང་བསྡད་ནས་ཕྱག་ཅུང་ཟད་འདར་བཞིན་དུ་མྱ་ངན་མཚོན་པའི་ཁ་བཏགས་སྒྲོན་བཞིན་ཡོད། 

       སྔོན་གཤེགས་དཔའ་བོའི་བང་སོའི་འགྲེམས་སྟོན་ཁང་དུ་རྩ་ཆེའི་ལོ་རྒྱུས་པར་རིས་དང་། ཚད་ལྡན་ཡིག་ཆ། སྔོན་གཤེགས་དཔའ་བོའི་ཤུལ་བཞག་དངོས་པོ་འབོར་ཆེན་བཤམས་ཡོད། ཚང་མས་འགྲོ་ཞོར་ལྟ་ཞོར་དུ་གོམ་མཚམས་འཇོག་པ་དང་ཞིབ་ཏུ་བལྟས་ཏེ་ཕན་ཚུན་མྱོང་ཚོར་སྤེལ་རེས་བྱེད་ཀྱི་ཡོད། 

    “དེ་རིང་ང་ཚོས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་འཐུས་མི་སྒྲིག་འཛུགས་བྱས་ནས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཡོང་དོན་ནི་ཚང་མས་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་ད་ལྟའི་ང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ཡང་མེད་པ་དེ་ནམ་ཡང་བློ་ལ་བརྟན་པོར་ངེས་སུ་འཇུག་ཆེད་ཡིན”ཞེས་ལ་ཐོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་དབང་ཕྱུག་གིས་ཕ་ཡུལ་གྱི་འགྱུར་ལྡོག་ཞིབ་ཕྲ་བརྩིས་ནས“ད་ལྟའི་ལ་ཐོག་གྲོང་ཚོར་ཁྱིམ་ཚང་ཚང་མ་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པ་ཡོད་པ་དང་། ཨར་འདམ་ལམ་ཁྱིམ་གྱི་སྒོ་རྩར་བར་དུ་བསྐྲུན་པ། ཕྲུ་གུ་ཚོ་དཀར་ཆ་དོད་པའི་སློབ་ཁང་དུ་བསྡད་ནས་སློབ་གསོ་ཡག་པོ་མྱོང་སྐལ་ཐོབ་པ། ཚང་མར་སྨན་བཅོས་བྱེད་པར་སྨན་བཅོས་འགན་བཅོལ་ཡོད་པ། འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་འགྱུར་ལྡོག་ཚང་མ་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བྱུང་བ་ཞིག་རེད། བདེ་སྐྱིད་འཚོ་བ་གང་ནས་བྱུང་བ་མི་བརྗེད་པ་དང་། གུང་ཁྲན་ཏང་གི་བཀའ་དྲིན་མི་བརྗེད་པ་བྱེད་དགོས”ཞེས་བརྗོད། 

       བཀྲ་ཤིས་དབང་ཕྱུག་གིས། ཡུལ་མི་ཚོའི་སྣེ་ཁྲིད་དེ་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཚང་མའི་འཚོ་བ་སྔར་བས་ཡག་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་ཡུན་ནས་ཡུན་དུ་བཞད་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་དང་། གསར་དུ་བདམས་ཐོན་བྱུང་བའི་ཏང་ཀྲི་པུའི་ཧྲུའུ་ཅིའི་བཀའ་མོལ་སྙན་ཞིང་འཇེབས་ལ་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་ལས་ལ་ཐོག་གྲོང་ཚོའི་གྲོང་མི་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པར་བྱས་ཡོད།