པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ལྷ་སར་ཞབས་སོར་འཁོད་པ།
སྤེལ་དུས 2026-07-31
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཚེས30ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གནམ་གྲུར་བཞུགས་ནས་ལྷ་སར་ཞབས་སོར་འཁོད་དེ་བོད་ལྗོངས་སུ་འགན་སྒྲུབ་ཕྱག་ལས་དང་། སྤྱི་ཚོགས་བརྟག་ཞིབ། ཆོས་ཕྱོགས་བྱེད་སྒོ་སྤེལ་འགོ་ཚུགས།
པཎ་ཆེན་རིན་པོ་ཆེ་ལྷ་སར་ཞབས་སོར་འཁོད་པ།
པཎ་ཆེན་རིན་པོ་ཆེ་ལྷ་ས་གོང་དཀར་གནམ་ཐང་དུ་ཞབས་སོར་འཁོད་སྐབས། གུས་ཞུ་མི་སྣས་པཎ་ཆེན་རིན་པོ་ཆེར་ཕྱེ་མར་བཀྱགས་པ་རེད། པཎ་ཆེན་རིན་པོ་ཆེས་ཕྱེ་མར་ཕུད་གཏོར་གནང་བ་དང་སྦྲགས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚེ་རིང་ཐར་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ས་ལུང་ཕུན་ལགས་ཀྱིས་པཎ་ཆེན་རིན་པོ་ཆེར་མཇལ་དར་ཕུལ་ནས་པཎ་ཆེན་རིན་པོ་ཆེ་ལྷ་སར་ཞབས་སོར་འཁོད་པར་དགའ་བསུ་ཞུས།
པཎ་ཆེན་རིན་པོ་ཆེ་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཞབས་སོར་འཁོད་སྐབས་གཟབ་མཆོར་ལེགས་པར་སྤྲས་པའི་མང་ཚོགས་ཀྱི་འཐུས་མིས་རུ་སྟར་བསྒྲིགས་ཏེ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བཞིན་པ།
པཎ་ཆེན་རིན་པོ་ཆེ་བཞུགས་གནས་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཞབས་སོར་འཁོད་སྐབས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་པད་མ་དབང་འདུས་བཅས་ཀྱིས་པཎ་ཆེན་རིན་པོ་ཆེར་མཇལ་དར་ཕུལ་ཏེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་པཎ་ཆེན་རིན་པོ་ཆེ་ཞབས་སོར་འཁོད་པར་དགའ་བསུ་ཞུས་པ་དང་། དགོན་སྡེ་ཁག་གི་འཐུས་མི་དང་། མང་ཚོགས་ཀྱི་འཐུས་མི། སྐུ་མཆེད་ཀྱི་འཐུས་མི། ཕོ་བྲང་དོ་དམ་ཁྲུའི་ལས་དོན་པ། གཟབ་སྦྲེང་རུ་ཁག་གི་དགེ་འདུན་པ་བཅས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་རུ་སྟར་བསྒྲིགས་ཏེ་པཎ་ཆེན་རིན་པོ་ཆེར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས།
པཎ་ཆེན་རིན་པོ་ཆེ་ལྷ་སར་བཞུགས་རིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་སུ་རྒྱུན་གཏན་གྱི་འགན་སྒྲུབ་ཕྱག་ལས་གནང་བ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་དུ་སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་བྱེད་སྒོ་སྤེལ་བར་ཕེབས་རྒྱུ་རེད།