ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

མཚོ་སྔོན་རྨ་ལྷོ་སོག་རྫོང་གི“ན་ཏམ”སྤྲོ་ཚོགས་འགོ་ཚུགས་པ།

སྤེལ་དུས 2026-08-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཟླ8པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་སྐབས27པའི“ན་ཏམ”སྤྲོ་ཚོགས་དང“ཞིང་ཕྱུགས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་ཁམས་གསོ”མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བའི་རིམ་སྤེལ་བྱེད་སྒོ་མཐིང་གུར་རྟ་རྒྱུག་ར་བ་ནས་འགོ་ཚུགས།

འགོ་ཚུགས་མཛད་སྒོའི་ཡུལ་དངོས།
             མཚོ་སྔོན་གྱི་སོག་རིགས་རང་སྐྱོང་རྫོང་འབའ་ཞིག་དེ་ཡིན་པའི་རྨ་ལྷོ་རྫོང་ནི་རྨ་ཆུའི་ཁུག་སོ་དང་པོའི་ལྟེ་བའི་ཁུལ་དུ་གནས་ཤིང་། དེ་ནི་སོག་བོད་རིག་གནས་མཉམ་འདྲེས་ཀྱི་ས་མཐོའི་གནས་མཆོག་ཅིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་སྐྱེ་ལྡན་འབྲོག་ལས་ཐོན་སྐྱེད་རྟེན་གཞི་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ་ལེགས་ཤོས་ཀྱི་རྩྭ་ཐང་ཞིག་ཀྱང་ཡིན་པས། སྐྱེ་ཁམས་ཀྱི་ལེགས་ཆ་ཐུན་མོང་མ་ཡིན་པ་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།
             “ན་ཏམ”ནི་སོག་སྐད་ཡིན་ཞིང་། དེ་ནི་རོལ་རྩེད་ཀྱི་དོན་ཡིན། རྒྱུན་དུ་ལོ་ལྟར་གྱི་ཟླ་བདུན་པ་དང་བརྒྱད་པར་ཕྱུགས་རིགས་ཤ་ཤེད་རྒྱས་པའི་དུས་ཚིགས་སུ་གཉེར་གྱི་ཡོད།

མང་ཚོགས་ཀྱིས་ཁྱད་ལྡན་མི་རིགས་ཀྱི་རྒྱན་གོས་གྱོན་ནས་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ངོམ་སྟོན་བྱེད་བཞིན་པ།
             སྐབས་འདིའི“ན་ཏམ”སྤྲོ་ཚོགས་ཐོག“དྭངས་གཙང་རྨ་ཆུའི་ཡུལ་སྐོར་ཁུལ། རྨ་ལྷོ་སོག་རྫོང་ན་ཏམ་གཉེར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། ནུས་པའི་ཡུག་ཁུལ་ཆེན་པོ་བདུན་དང་འབྲེལ་མཐུད་ནུས་ལྡན་གྱིས་རིག་རྩལ་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཞིམ་ཟས་མྱོང་རོལ། ཚོང་དོན་འགྲེམས་ཚོང་། ལུས་གསོ་ཉམས་ལེན་སོགས་སྣ་མང་ཕུན་སུམ་ཚོགས་པའི་ནང་དོན་མཉམ་འདྲེས་གཏིང་ཟབ་བྱས་ཡོད།
             ཉིན་དེར། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་དང་དེ་བཞིན་མི་རིགས་ཀྱི་རྒྱན་གོས་གྱོན་པའི་མང་ཚོགས་རྣམས་ཡངས་ཤིང་རྒྱ་ཆེ་བའི་རྨ་སོག་རྩྭ་ཐང་དུ་འཛོམས་ཤིང་། ས་གནས་ས་ཐོག་ཏུ་གླུ་གར་འཁྲབ་སྟོན་བྱས་ཏེ་རྣམ་པ་འཁྲུག་ཆ་དོད་པ་ཞིག་ཡོད་ལ། སྲོལ་རྒྱུན་མི་རིགས་ལུས་རྩལ་སྣ་ཚོགས་རེས་མོས་ངང་འགྲན་བསྡུར་བྱས་པས་ངོ་མཚར་ཆེ་བ་ཞིག་ཡོད། 
             འགོ་ཚུགས་མཛད་སྒོའི་ཐོག་ཏུ། འབྲོག་པ་གནས་སྤོ་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པར་ལད་མོ་བྱས་པའི་ཁྱད་ལྡན་འཁྲབ་སྟོན་ལས་རྩྭ་ཐང་གི་དམངས་སྲོལ་རྣམ་པ་གསོན་ཉམས་དོད་པོས་སླར་ཡང་མངོན་ནས། དེ་གར་ཡོད་པའི་ལྟད་མོ་བས་རྨ་ལྷོ་སོག་རྫོང་གི་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་དང་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཐག་ཉེ་ས་ནས་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད།

རྟ་རྒྱུག་འགྲན་བསྡུར།
             རྟ་རྒྱུག་ནི་སྤྲོ་ཚོགས་ཀྱི་བྱ་འགུལ་གལ་ཆེན་ཞིག་ཡིན་ཞིང་། འགྲན་བསྡུར་མ་བྱས་གོང་རྟ་པ་ཚོས་ལུས་ལ་དར་ཚོན་གྱི་གོས་ཐུང་གྱོན་ནས་གྲལ་སྟར་སྒྲིག་པོས་འགྲན་བསྡུར་ལ་ཞུགས་རྒྱུའི་གྲ་སྒྲིག་བྱེད་པ་དང་། འགྲན་འགོ་ཚུགས་པའི་བརྡ་རྟགས་གྲགས་པ་དང་བསྟུན་ནས་རྟ་པ་ཚོས་རྟ་ཕོ་ལྕག་གིས་སྐུལ་བ་དང་རྩྭ་ཐང་དུ་བང་རྩལ་ངོམས་ནས་འཁྲུག་ཆ་དོད་པའི་རྣམ་པ་མངོན་པ་མ་ཟད། ཡུལ་དངོས་སུ་དགའ་འབོད་དང་དགའ་བསུ་ཞུ་བའི་སྒྲ་ཡང་ཡང་གྲགས།
             སྐབས་འདིའི་སྤྲོ་ཚོགས་དུས་ཡུན་ཉིན་གསུམ་གཉེར་རྒྱུ་ཡིན་ཞིང་། དེའི་རིང་རྟ་རྒྱུག་དང་། སྦེ་ག སོག་གུར་རྒྱག་སྟངས། བྱེ་འགྱོགས། ཐག་འཐེན། “མི་སྟོང”གི་ཨན་ཏའེ་ཞབས་བྲོ། དེ་བཞིན་དམངས་གཞས་གཏོང་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། 
             འགྲན་རའི་ཕྱི་རོལ་དུ་དམིགས་བསལ་ཁྱད་ཆོས་ལྡན་པའི་སོག་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་། དམངས་སྲོལ་ཞབས་བྲོ། མི་རིགས་ཀྱི་རྒྱན་གོས་བཅས་རེས་མོས་ངང་འགྲེམས་སྟོན་བྱེད་ཀྱི་ཡོད།
             “ང་ཚོས་སྐུ་མགྲོན་ཚོས་གོམ་སྟབས་དལ་དུ་བཏང་ནས་རྩྭ་ཐང་གི་མཛེས་པ་མྱོང་རོལ་དང་། ཐོ་ཧོ་གཙང་པོའི་ཆུ་འགོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་ལྟ་བ། ཡངས་ཤིང་རྒྱ་ཆེ་ལ་མུ་མཐའ་མེད་པའི་སྤྲིན་གསེབ་འབྲོག་རར་སྐྱོད་པ། བོད་རིགས་དང་སོག་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བ། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་ལ་མྱོང་རོལ། ལུས་རྩལ་གྱི་སྤྲོ་སེམས་མྱོང་རོལ་དང་སྲོལ་རྒྱུན་དང་དེང་རབས་ཀྱི་མཉམ་འདྲེས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་ལ་དངོས་སུ་མྱོང་རོལ་བྱེད་པར་ལྷག་བསམ་ཟོལ་མེད་ངང་གདན་དྲངས་པ་ཡིན”ཞེས་རྨ་ལྷོ་སོག་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཆི་ཞའོ་ཆིང་གིས་སྤྲོ་ཚོགས་ཡུལ་དངོས་སུ་རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་ལྷག་བསམ་ཟོལ་མེད་ངང་གདན་ཞུ་བྱས།