ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་བརྒྱད་པའི་གངས་ལྗོངས་ས་མཐོར་དྲོད་འཇམ་རླུང་བུ་དལ་གྱིས་ལྡང་ཞིང་། ཡུལ་གྲུ་ཀུན་ཏུ་ཡུལ་ལྗོངས་ལྟ་ན་སྡུག ཟླ8པའི་ཚེས1ཉིན་གྱི་སྔ་དྲོར། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འགོ་ཚུགས།
གླུ་གར《ཁ་བཏགས་འཁྱེར་ནས་འགྲན་བསྡུར་གཟབ་རྒྱས་བསུ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
གླུ་གར《ལྷ་སར་ལྷན་འཛོམས》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
སྐབས་འདིའི་འགྲན་བསྡུར་གྱིས“ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོར་ཕྱོགས་པ་དང་། ‘རྒྱུད་གཅིག་ལམ་གཅིག’དང་སྦྲེལ་མཐུད། ལུས་རྩལ་ཡུལ་སྐོར་འཕེལ་རྒྱས། ཕྱོགས་ཐོན་ཁུལ་ཆེན་འཛུགས་སྐྱོང”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། “རྐང་འཁོར་བཞོན་ནས་གཞུང་ལམ་མཛེས་ཤོས་ལ་སྐྱོད་པ་དང་ཧི་མ་ལ་ཡར་དགའ་ཞེན་བྱེད་པ”འབོད་ཚིག་ཏུ་བྱས་ཡོད། རྒྱལ་སྤྱིའི་རང་མོས་མནའ་མཐུན་གྱི་སྐྱེས་པའི་ཕུལ་བྱུང་རིམ་པ2.1གི་ལས་རིགས་རིམ་སྤེལ་འགྲན་བསྡུར་ཡིན་པས། འགྲན་བསྡུར་གྱི་དུས་ཡུན་ཉིན6ཡིན་པ་དང་། ཁྱོན་འགྲན་དུམ5བཀོད་སྒྲིག་བྱས་པར་ལམ་ཐག་སྤྱི་ལེ570.68ཡོད་པ་དེ་ཉིང་ཁྲི་དང་། ལྷ་ས། ལྷོ་ཁ། གཞིས་རྩེ་བཅས་གྲོང་ཁྱེར་བཞི་བརྒྱུད་དགོས་ཀྱི་ཡོད། ཟླ8པའི་ཚེས2ཉིན་དངོས་སུ་འགྲན་བསྡུར་བྱེད་འགོ་ཚུགས་པ་དང་ཉིང་ཁྲི་གྲོང་ཁྱེར་ནི་འགྲན་བསྡུར་གྱི་ས་ཚིགས་དང་པོ་དེ་རེད། འགྲན་དུམ་དང་པོ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀོང་པོ་སྤྱི་གླིང་ནས་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་སྐྱེད་པ་གྲོང་ཚོ་བར་ཡིན་པ་དང་། ལམ་ཐག་ལ་སྤྱི་ལེ129.5ཙམ་ཡོད། འགྲན་དུམ་གཉིས་པ་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་རྫ་ལ་རོང་ནས་ཀོང་པོ་རྒྱ་མདའ་རྫོང་བར་ཡིན་ཞིང་། ལམ་ཐག་ལ་སྤྱི་ལེ123.9ཡོད། འགྲན་དུམ་གསུམ་པ་ནི་ལྷ་ས་སྐོར་བའི་འགྲན་བསྡུར་ཡིན་པ་དང་མཇུག་འགྲིལ་ས་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཡིན་ཞིང་། ལམ་ཐག་ལ་སྤྱི་ལེ94.8ཡོད། འགྲན་དུམ་བཞི་པ་ལྷོ་ཁ་གྲོང་ཁྱེར་མེ་འཁོར་འབབ་ཚུགས་ནས་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་སྒང་པ་གྲོང་ཚོ་ཡིན་ཞིང་། ལམ་ཐག་ལ་སྤྱི་ལེ132.3ཡོད། འགྲན་དུམ་ལྔ་པ་ནི་རྒྱལ་རྩེ་རྫོང་དཔའ་བོའི་དྲན་གསོའི་རྡོ་རིང་ཐང་ཆེན་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཧེ་ལུང་ཅང་ལམ་གྱི་སྤྱི་གླིང་ཨང4པའི་བར་ཡིན་ཞིང་། ལམ་ཐག་ལ་སྤྱི་ལེ90.18ཙམ་ཡོད་པ་དང་། འགྲན་བསྡུར་མཇུག་འགྲིལ་རྗེས་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་རེད།
སྐབས་གོང་མ་དང་བསྡུར་ན་སྐབས་འདིའི་འགྲན་བསྡུར་གྱི་སྤུས་ཚད་དང་རིམ་པ་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། གཅིག་ནས་འགྲན་ལམ་གྱི་ས་ཁོངས་ཧྲིལ་པོའི་ཤོང་ཚད་ཆེ་རུ་ཕྱིན་པ་དང་སྤྱིའི་ལམ་ཚད་སྐབས་གོང་མ་ལས་སྤྱི་ལེ150.1རིང་དུ་བཏང་ནས། འགྲན་བསྡུར་གྱི་འགྲན་སློང་སྔར་བས་ཆེ་རུ་ཕྱིན་པ་དང་ས་མཐོའི་མཐར་ཟད། འགྲན་བསྡུར་གྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། གཉིས་ནས་འགྲན་དུམ་བཀོད་སྒྲིག་དེ་བས་ཚན་རིག་དང་མཐུན་ལ་ཞིབ་ཚགས་པ་སྟེ། ཉིང་ཁྲིའི་འགྲན་དུམ་དུམ་བུ་གཉིས་བར་མང་དུ་བཏང་བ་དང་། ལྷོ་ཁའི་འགྲན་དུམ་གསར་པ་བཏོད་པ། འགྲན་ལམ་རྒྱལ་ལམ318དང349བརྒྱུད་བཀོད་སྒྲིག་བྱས་ཤིང་། ལུང་ཤུར་གྲོང་ཚོ་དང་ལོ་རྒྱུས་གནའ་ཤུལ་དང་འབྲེལ་མཐུད་བཅས་བྱས་ནས། འགྲན་བསྡུར་ལམ་བུ་དེ་གངས་ལྗོངས་ཀྱི་མཛེས་ལྗོངས་བར་ཁྱམས་སུ་གཏོད་ཐུབ་པའི་བརྩོན་ལེན་བྱས་ཡོད། གསུམ་ནས་འགྲན་བསྡུར་གྱི་གཞི་ཁྱོན་ཆེ་རུ་བཏང་ཞིང་། རྒྱལ་ཁབ་ཕྱི་ནང་གི་རྐང་འཁོར་རུ་ཁག18དང་རྐང་འཁོར་གཏོང་མཁན120ལྷག་འགྲན་བསྡུར་ནང་དུ་ཞུགས་ནས། ཆུ་ཚད་མཐོ་བའི་འགྲན་བསྡུར་ནང་ཞུགས་མཁན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
བོད་ལྗོངས་ཀྱི་ས་ཁོངས་ཁྱབ་རྒྱ་ཆེ་ཤོས་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་ཤོས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པའི་ངོས་ནས། སྐབས་འདིའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་ནི“བོད་ལྗོངས་ཀྱི་ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱིIPའགྲན་བསྡུར་གལ་ཆེན་ཞིག་ཡིན་པ་དང་། རིམ་པ་ཁག་དང་རིགས་ཁག་གི་རྩེར་སོན་ལུས་རྩལ་འགྲན་བསྡུར་བྱེད་སྒོ་དང་མཉམ་དུ་འཕེལ་རྒྱས་བཏང་ནས། ས་ཁོངས་ཧྲིལ་པོ་མཉམ་འགུལ་དང་། ཐོན་ཁུངས་གཅིག་སྡུད། ཚ་རླབས་གཅིག་སྡུད་བཅས་ཀྱི་ས་མཐོའི་ལུས་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད།
འགྲན་བསྡུར་དེ་ལུས་རྩལ་གཞི་རྟེན་དུ་བྱས་ཏེ་མི་དེ་བས་མང་བས་རྐང་འཁོར་བཞོན་ནས་བོད་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཉམས་སུ་མྱོང་ཐུབ་པ་བྱས་ནས་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་སྔར་བས་ཡག་པོ་བརྗོད་པ་དང་ཀྲུང་གོའི་བོད་ལྗོངས་ཀྱི་སྐད་སྒྲ་བརྒྱུད་བསྒྲགས་བྱས་ཡོད།