ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

༄༅།།གངས་ཅན་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་འཇམ་དབྱངས་ཆོས་འཕེལ་བྱམས་པ་རྒྱལ་མཚན་བོད་རང་སྐྱོང་ལྗོངས་ས་སྐྱ་རྫོང་གངས་ཅན་དགོན་པའི་ཆོས་ཁྲིར་མངའ་གསོལ་བ།

སྤེལ་དུས 2026-09-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
      ༢༠༢༦ལོའི་ཟླ་༩ཚེས་༡༥ཉིན། གངས་ཅན་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་འཇམ་དབྱངས་ཆོས་འཕེལ་བྱམས་པ་རྒྱལ་མཚན་མཆོག་གི་ཁྲི་གསོལ་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་ས་སྐྱ་རྫོང་གངས་ཅན་དགོན་པར་གཟབ་རྒྱས་ངང་གཉེར་བ་རེད།  དེ་ནི་གངས་ཅན་དགོན་གྱི་དགེ་འདུན་ཡོངས་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ཡོངས་ཀྱི་རེ་འདུན་ཡིན་ལ།  གངས་ཅན་སྐུ་ཕྲེང་ལྔ་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་ཡར་འཕེལ་མཆོག་གི་སྐུ་འཚོ་བཞུགས་སྐབས་ཀྱི་མངག་བཅོལ་ཡང་ཡིན།  གཞིས་ཀ་རྩེ་གྲོང་ཁྱེར་གྱི་བླ་སྤྲུལ་ཆེ་ཁག་དང་གྲྭ་བཙུན་གྱི་སྐུ་ཚབ། དེ་བཞིན་མཇལ་ཁ་ཞུ་བར་ཕེབས་མཁན་ཆོས་དད་མང་ཚོགས་རྣམས་ཀྱིས་སྐལ་བཟང་བསྟན་པའི་བཀྲ་ཤིས་མཛད་ཆེན་དེར་མཉམ་དུ་བདེན་དཔང་གནང་ཡོད།

     གངས་ཅན་སྐུ་ཕྲེང་ལྔ་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་ཡར་འཕེལ་མཆོག་ནི་༡༩༤༡ལོ་ཟླ་༧པར་གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་གཞུག་ཤང་དུ་སྐུ་འཁྲུངས་པ་དང་།  ༡༩༤༥ལོར་གངས་ཅན་དགོན་གྱི་གངས་ཅན་སྐུ་ཕྲེང་ལྔ་པའི་ཡང་སྲིད་ལ་ངོས་འཛིན་གནང་ནས་གངས་ཅན་དགོན་དུ་ཁྲི་གསོལ་གནང་།  ༡༩༥༢ལོ་ནས་༡༩༥༨ལོ་བར་སྔ་རྗེས་སུ་གདན་ས་བཀྲས་ལྷུན་དང་སེ་རར་སློབ་གཉེར་གནང་སྟེ་བཀའ་ཆེན་གྱི་ཡོན་གནས་ཐོབ།  དུས་རབས་གོང་མའི་ལོ་རབས་༨༠ནས་བཟུང་།  གངས་ཅན་སྐུ་ཕྲེང་ལྔ་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་ཡར་འཕེལ་མཆོག་སྔ་རྗེས་སུ་པར་ཙིར་རྒྱལ་ཁབ་ཀྱི་ཧྲེང་པའོ་ལོ་གྲོང་ཁྱེར་ལ་ཞི་བདེའི་བསྟན་དོན་ལྟེ་གནས་དང་།  དབྱི་ཐ་ལི་རྒྱལ་ཁབ་ཀྱི་སྨི་ལན་གྲོང་ཁྱེར་ལ་ཀུན་ཕན་བླ་མ་གངས་ཅན་སློབ་གླིང་།  སི་ཕེན་རྒྱལ་ཁབ་ལ་གངས་ཅན་རིན་པོ་ཆེའི་འཛམ་གླིང་ཞི་བདེའི་ཐེབས་རྩ་ཚོགས་པ།  བོད་རོགས་སྐྱོར་འཛམ་གླིང་མཛའ་འབྲེལ་མཐུན་ཚོགས་སོགས་བཙུགས་པ་མ་ཟད།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཞི་བདེའི་ཐེབས་རྩ་ཚོགས་པའི་ཚེ་གང་ཚོགས་གཙོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཞི་བདེའི་ཆོས་ལུགས་གླེང་སྟེགས་ཀྱི་གྲོས་འདོན་པ།  གཙོ་གཉེར་བ་བཅས་ཀྱི་འགན་གནས་བཞེས་ཡོད།
     གངས་ཅན་སྐུ་ཕྲེང་ལྔ་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་ཡར་འཕེལ་མཆོག་སྐུ་འཚོ་བཞུགས་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ་རྣམ་གཉིས་ལ་ཐེངས་མང་མཇལ་ཞུར་བཅར་བ་དང་།  ༢༠༡༡ལོར་མེས་རྒྱལ་ལ་ལོག་ནས་འཚམས་འདྲི་གནང་སྐབས་པེ་ཅིན་གྲོང་ཁྱེར་ལ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་མཇལ་ཞུར་བཅར་ནས་ཁོང་གི་ཡང་སྲིད་བཙལ་འཚོལ་གྱི་བྱ་བ་དེ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་སྐྱབས་བཅོལ་གནང་ཡོད།  ༢༠༢༠ལོའི་ཟླ་༤ཚེས་༡༨ཉིན།  གངས་ཅན་སྐུ་ཕྲེང་ལྔ་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་ཡར་འཕེལ་མཆོག་གཟུགས་སྐུ་རག་པ་ཆོས་དབྱིངས་སུ་མནལ་རྗེས།  གངས་ཅན་དགོན་པ་དང་ས་གནས་དེ་གའི་ཆོས་དད་མང་ཚོགས་རྣམས་ཀྱིས་བདག་ཉིད་གང་དེའི་མངགས་བཅོལ་བཞིན། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་ཡང་སྲིད་མཆོག་སྤྲུལ་བཙལ་འཚོལ་ལས་འགན་གྱི་གཙོ་འགན་འཁུར་རྒྱུའི་རེ་འདུན་ཞུས་ཡོད།  ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཚོགས་གཙོ་གནང་བ་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེ་ཁག་གིས་ཁོངས་མི་གནང་བའི་ཡང་སྲིད་བཙལ་འཚོལ་ངོས་འཛིན་གྱི་མཛུབ་སྟོན་ཚོ་ཆུང་བཙུགས་ཏེ་ལས་རིམ་ཧྲིལ་པོར་མཛུབ་ཁྲིད་གནང་ཡོད།  གཞིས་ཀ་རྩེ་གྲོང་ཁྱེར་ནས་གཞིས་ཀ་རྩེ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ཕུན་ཚོགས་ཀྱིས་འགན་གཙོ་གནང་བ་དང་།  གངས་ཅན་དགོན་པའི་དགེ་འདུན་གྱིས་ཁོངས་མི་གནང་བའི་ཡང་སྲིད་བཙལ་འཚོལ་ཚོ་ཆུང་བཙུགས་པ་མ་ཟད།  ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་སྲུང་བརྩི་ཞུས་ནས་སྤྲུལ་སྐུ་ངོས་འཛིན་གྱི་ལས་རིམ་ཁྱོན་ཡོངས་ཁྲིམས་མཐུན་ལུགས་མཐུན་བཞིན་སྤེལ་ཡོད།

      པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཆོས་འདོན་སྨོན་ལམ་འདེབས་པ་དང་། རྨི་ལམ་བརྟག་པ། དཔལ་ལྡན་ལྷ་མོའི་མོ་ལུང་བརྟག་པ།  ཐུགས་དམ་བརྟག་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཡང་སྲིད་འཁྲུངས་ཡུལ་གྱི་ཁ་ཕྱོགས་སྟོན་ཡོད་པ་དང་། འགན་གཙོ་ཉི་མ་ཕུན་ཚོགས་མཆོག་གིས་ཡང་སྲིད་བཙལ་འཚོལ་ཚོ་ཆུང་སྣེ་ཁྲིད་དེ་རིན་སྤུངས་རྫོང་གཡུང་རྫ་ལུགས་མཚོ་བོར་མཚོ་གཟིགས་ཏུ་ཕེབས་ཏེ།  མཚོ་བོར་མཐོང་འཛིན་གནང་བའི་ཡང་སྲིད་ཀྱི་ཁྱད་ཆོས་མངོན་པ་གཞིར་བཟུང་།  སྔ་རྗེས་སུ་སྤྱི་ལེ་༣༥༠༠ལྷག་ཙམ་གྱི་ལམ་ཐག་བཅད་དེ་རྟགས་མཚན་ཅན་བཟང་བའི་ཁྱེའུ་ཉིས་བརྒྱ་ལྷག་ཙམ་ལ་གསང་བའི་ངང་ཞིབ་བསྡུར་གནང་བ་བརྒྱུད། ཁྱད་དུ་འཕགས་པ་དང་ངོ་མཚར་ཞིང་བལྟས་བཟང་པོ་མངོན་པའི་ཁྱེའུ་གསུམ་ཡང་སྲིད་འོས་སྤྲུལ་ལ་གཏན་འཁེལ་བྱས་ཡོད།  པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གཟན་འགྲིལ་བརྟག་ཐབས་ལ་བརྟེན་ནས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་ཁྱུང་གྲགས་པ་ཉིད་གངས་ཅན་སྐུ་ཕྲེང་ལྔ་པའི་ཡང་སྲིད་འཕྲུལ་བྲལ་དུ་ཐུགས་གཏན་འཁེལ་ངོས་འཛིན་གནང་ཡོད།  བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་མཆོག་མཆན་གནང་བ་བརྒྱུད། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཡང་སྲིད་མཆོག་ལ་སྐྲ་ཕུད་བཞེས་ནས་སྡོམ་པ་གནང་བ་དང་སྦྲགས། ཆོས་མིང་ལ་འཇམ་དབྱངས་ཆོས་འཕེལ་བྱམས་པ་རྒྱལ་མཚན་ཞེས་མཚན་གསོལ།

      མཛད་སྒོ་སྤེལ་ཡུལ་དངོས་སུ། མཁའ་དབྱིངས་ཉི་ཞག་རབ་ཏུ་འཕྲོས་པར་སྤྲིན་བཟང་གིས་སྐོར་བ་དང་།  དགོན་པའི་སྒོ་རའི་ནང་དར་མཚོན་སྣ་ལྔ་ལྷབ་ལྷུབ་གཡོ་བར་བསང་གི་དུད་སྤྲིན་ཁེངས་གྱུར་བཞིན།  སེར་སྐྱ་མང་ཚོགས་ཀྱིས་གཟབ་སྤྲོས་བརྒྱན་པ་དང་དཀར་གཙང་མཇལ་དར་བསྒྲོན་ནས་རུ་སྟར་སྒྲིག་ཏེ་བླ་སྤྲུལ་ཡང་སྲིད་གངས་ཅན་བླ་མ་རང་ཡུལ་བསྐྱར་དུ་ལོག་ཕེབས་གནང་བར་ཕེབས་བསུ་ཞུ་བཞིན་མཆིས།  བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུད་ཀྱི་སྐུ་ཚབ་ནས་ཡང་སྲིད་ངོས་འཛིན་གྱི་བཀའ་མཆན་སྒྲོག་སྦྱང་མཛད་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐུ་ཚབ་ནས་སྤྲུལ་སྐུའི་དཔང་ཡིག་བསྩལ་རྗེས།  གངས་ཅན་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་འཇམ་དབྱངས་ཆོས་འཕེལ་བྱམས་པ་རྒྱལ་མཚན་མཆོག་དགོན་སྡེའི་དགེ་འདུན་འདུས་མང་གི་སྤྱན་འདྲེན་འོག་ཆོས་ཁྲིར་མངའ་གསོལ་གནང་ཡོད།  སེར་སྐྱ་མང་ཚོགས་ཀྱི་སྐུ་ཚབ་རྣམས་ཀྱིས་རིམ་བཞིན་ཡང་སྲིད་མཆོག་ལ་མཎྜལ་དང་མཇལ་དར། འབུལ་བ་སོགས་འཕུལ་ཏེ་སྤྲུལ་སྐུ་མཆོག་གི་དབང་ཞུས།

      གངས་ཅན་སྐུ་ཕྲེང་ལྔ་པའི་སྤྲུལ་སྐུ་ངོས་འཛིན་གྱི་ལས་རིམ་ལེགས་གྲུབ་ལམ་ལྷོངས་བྱུང་བ་དེས།  ཏང་གི་ཆོས་དད་རང་མོས་སྲིད་ཇུས་དེ་བོད་ལྗོངས་སུ་ཁྱོན་ཡོངས་ནས་ལག་བསྟར་ཐུབ་པ་གང་ལེགས་མཚོན་ཡོད་ལ།  ཆོས་ལུགས་ལས་རིགས་ཁག་དང་ཆོས་དད་མང་ཚོགས་ཀྱི་སེམས་དབུས་ནས་བརྩི་བཀུར་ཐོབ་པ་མ་ཟད།  དེ་བས་༼བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་༽ཀྱི་དབང་གྲགས་རང་བཞིན་ཡང་མཚོན་ཡོད།  གངས་ཅན་སྤྲུལ་སྐུ་སྐུ་ཕྲེང་དྲུག་པའི་ངོས་འཛིན་དང་ཁྲི་གསོལ་གོ་རིམ་ནང་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཞིང་། ལྷག་དོན་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་གཟན་འགྲིལ་བརྟག་ནས་བླ་སྤྲུལ་ཡང་སྲིད་གཏན་འཁེལ་བྱས་ཐོག  མཐར་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཆོག་མཆན་གནང་བ་དེའི་ཐོག་ནས་ལས་རིམ་སྔ་ཕྱི་བར་གསུམ་འཐུས་ཚང་དང་ཁྲིམས་མཐུན་བསྙོན་མེད་ཡིན་པ་འགན་ལེན་ཐུབ་ཡོད།།