ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ9པའི་ཚེས12ཉིན། མཚན་ཉིད་རིག་པའི་རིགས་པའི་གཞུང་ལུགས་གསར་གཏོད་དང་ཀྲུང་གོའི་རང་བདག་གི་མཚན་ཉིད་རིག་པའི་ཤེས་བྱའི་མ་ལག་གཏོད་རྒྱུའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་སྒྲིག་གཞི་ནས་ཡོང་བའི་ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ60ལྷག་མཉམ་འཛོམས་ཀྱིས་དུས་རབས་གསར་པའི་མཚན་ཉིད་རིག་པའི་རིགས་པའི་གཞུང་ལུགས་གསར་གཏོད་དང་ཀྲུང་གོའི་རང་བདག་གི་མཚན་ཉིད་རིག་པའི་ཤེས་བྱའི་མ་ལག་གཏོད་རྒྱུར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་ཤིང་། དུས་མཚུངས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚན་ཉིད་རིག་པའི་རིག་ཚན་བཙུགས་ནས་ལོ70འཁོར་བ་དང་མཚན་ཉིད་རིག་པའི་ཚན་ཁག་བཙུགས་ནས་ལོ40འཁོར་བའི་སློབ་གླིང་གྲོགས་པོའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་དང་ལས་རིགས་ཁག་ནས་ཆེད་མངགས་གདན་ཞུས་བྱས་པའི་འཐུས་མི་སློབ་ཐོན་སློབ་མ50ལྷག་ཚོགས་འདུར་བཞུགས།
ཚོགས་འདུའི་ཡུལ་དངོས།
འགོ་ཚུགས་མཛད་སྒོ་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཧའོ་ཡིས་གཙོ་སྐྱོང་གནང་། ཀྲུང་དབྱང་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སློབ་སྤྱི་ཆང་ཧྲི་ཀུང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུད་སློབ་སྤྱི་གཞོན་པ་ཕེང་ཡུང་ཡང་ཚོགས་འདུར་ཞུགས།
ཆང་ཧྲི་ཀུང་གིས་སློབ་གྲྭའི་ཚབ་ཞུས་ནས་ཚོགས་ཞུགས་མཁས་དབང་ཚོར་དགའ་བསུ་ཞུས་པ་དང་འབྲེལ་མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་ཁྲིད་སློབ་གླིང་གི་འབྱུང་འགྱུར་འཕེལ་རྒྱས་ཐད་རེ་བ་གསུམ་བཏོན་ཞིང་། སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་ཀུན་སྤྱོད་འཛུགས་སྐྱོང་དང་མི་སྣ་སྐྱེད་སྲིང་གི་རྩ་བའི་ལས་འགན་བརྟན་སྲུང་བྱས་ཏེ་བསམ་བློ་ལྡན་པ་དང་། འགན་འཁྲི་ཡོད་པ། བརྩེ་སེམས་ལྡན་པ་བཅས་ཀྱི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་པ་དང་། སློབ་གླིང་གིས་རིག་གཞུང་སློབ་གླིང་འཛུགས་པ་དང་ཁྱད་ཆོས་ལྡན་པའི་སློབ་གླིང་དར་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ་དྲང་སྲུང་གསར་གཏོད་ཁྲོད་མཚན་ཉིད་རིག་པའི་རིག་ཚན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པ། སློབ་གླིང་གིས་དུས་རབས་གསར་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་པའི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར་ནས་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་ཆེད་མི་དམངས་ཚོགས་ཆེན་གྱི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཀྲུང་དབྱང་མི་རིགས་སློབ་ཆེན་མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་ཁྲིད་སློབ་གླིང་གི་ཡོན་ཀྲང་དགེ་རྒན་ཆེན་མོ་བ་དབྱིན་ཀྲི་ཧྭ་ཡིས་ཤིས་ཚིག་ནང་དུ། མཚན་ཉིད་རིག་པ་ནི་དུས་རབས་སྙིང་སྟོབས་ཀྱི་སྙིང་བཅུད་ཡིན་པ་དང་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་རྒྱུ་ནི་དུས་རབས་གསར་པས་རང་རྒྱལ་གྱི་མཚན་ཉིད་རིག་པའི་ལས་དོན་པར་སྤྲད་པའི་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ཡིན་ལ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚན་ཉིད་རིག་པའི་རིག་ཚན་དེ་ལོ་ངོ་བདུན་ཅུའི་རིང་མི་རབས་ནས་མི་རབས་བར་བརྒྱུད་འཛིན་དང་མུ་མཐུད་འབད་འཐབ་བྱས་ནས། མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་ཁྲིད་ཀྱི“གཤོག་གཉིས་མཉམ་འཕུར་དང་འཁོར་ལོ་གཉིས་ཀྱིས་སྐུལ་འདེད་གཏོང་བའི”རྣམ་པ་བཟང་པོ་རིམ་བཞིན་ཆགས་པ་དང་། རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཚན་རིག་ཞིབ་འཇུག རིག་མཛོད་འཛུགས་སྐྱོང་སོགས་ཀྱི་ཐད་རྒྱུན་མཐུད་འཕེལ་རྒྱས་བྱུང་ཡོད་ཅེས་གསུངས།
དེ་རྗེས་མཚན་ཉིད་རིག་པའི་རིག་ཚན་བཙུགས་ནས་ལོ70འཁོར་བ་དང་མཚན་ཉིད་རིག་པའི་ཚན་ཁག་བཙུགས་ནས་ལོ40འཁོར་བའི་ཆེད་དོན་རྟེན་འབྲེལ་བྱེད་སྒོ་སྤེལ། བྱེད་སྒོ་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་ཁྲིད་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་དགེ་རྒན་ཆེན་མོ་བ་ཝང་ཧའེ་ཧྥེང་གིས་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་མི་རིགས་སློབ་ཆེན་མཚན་ཉིད་རིག་པ་ཚན་ཁག་གི་ཚན་ཁག་གི་ཀྲུའུ་རེན་ཐོག་མ་ཐུང་ཏེ་ཕུའུ་དང་། ཧྲན་ཏུང་སློབ་ཆེན་ཡིའུ་ཐའེ་ཆོས་ལུགས་དང་ཆོས་ལུགས་ལས་བརྒལ་བའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཕུའུ་ཡིའུ་ཏེ། ཀྲུང་གོ་མི་དམངས་སློབ་ཆེན་མཚན་ཉིད་རིག་པ་སློབ་གླིང་གི་ཡོན་ཀྲང་ཙང་ཧྥུང་ཡུས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐབས2007ལོའི་མཚན་ཉིད་རིག་པའི་ཆེད་ལས་ཀྱི་སློབ་ཐོན་སློབ་མ་ཅང་ཀྲེང་བཅས་སོ་སོས་ཤིས་ཚིག་སྒྲོན།
དགེ་རྒན་ཆེན་མོ་བ་ཐུང་ཏེ་ཕུའུ་ཡིས་སློབ་གྲྭའི་མཚན་ཉིད་རིག་པའི་རིག་ཚན་བཙུགས་པའི་བརྒྱུད་རིམ་དང་ལུའི་ཏ་ཅི་དང་། མོའུ་ཀྲུང་ཅན་སོགས་མཁས་དབང་གིས་མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་ཁྲིད་མཉམ་འགུལ་ཁྲོད་སློབ་གླིང་གི་རིག་ཚན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་རྒྱུས་ལ་ཕྱིར་དྲན་གནང་བ་དང་འབྲེལ། སློབ་གླིང་གི་དགེ་སློབ་དང་ལས་བཟོ་ཡོངས་ལ་ཁོང་ཚོས་རིག་གཞུང་སྲོལ་རྒྱུན་དང་སློབ་གཉེར་ཉམས་མྱོང་རྒྱུན་འཛིན་བྱས་ནས། མི་རིགས་མཚན་ཉིད་རིག་པ་དང་མི་རིགས་ཆོས་ལུགས་རིག་པར་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། མཚན་ཉིད་རིག་པའི་རིག་ཚན་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་རྒྱུའི་རེ་བ་བཏོན། དགེ་རྒན་ཆེན་མོ་བ་ཕུའུ་ཡིའུ་ཏེས་ཀྲུང་དབྱང་མི་རིགས་སློབ་ཆེན་མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་ཁྲིད་སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་སྣ་མང་རིག་གནས་མཉམ་འདྲེས་བྱས་པས། མི་རིགས་ཆོས་ལུགས་ཞིབ་འཇུག་ཁྱབ་ཁོངས་སུ་མངོན་གསལ་དོད་པའི་ཁྱད་ཆོས་དང་ལེགས་ཆ་ཆགས་ཡོད་ཅེས་གསུངས།
དགེ་རྒན་ཆེན་མོ་བ་ཙང་ཧྥེང་ཡུས་ཀྱིས་སྤུན་ཟླའི་སློབ་གླིང་དང་ཚན་ཁག་གི་འཐུས་མིའི་ངོས་ནས་ཤིས་ཚིག་གསུངས་ཤིང་། ཁོང་གིས་ཀྲུང་ཧྭའི་རིག་གནས་ཀྱི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་། མི་རིགས་མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་ཁྲིད་ཀྱི་སློབ་ཁྲིད་དང་ཞིབ་འཇུག་གི་དམིགས་བསལ་ལེགས་ཆ་མངོན་པ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཞི་མཐུན། རིག་གནས་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་མཚན་ཉིད་རིག་པའི་བསམ་བློའི་ཐད་ཀའི་དངོས་ཡོད་རང་བཞིན་འདོན་སྤེལ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད་མཚན་ཉིད་རིག་པའི་བློ་གྲོས་ལེགས་སྐྱེས་འབུལ་བ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་ཁྲིད་རིག་ཚན་གྱིས་ལོ70ཡི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཁྱད་ཆོས་མངོན་གསལ་དོད་པའི་རིག་གཞུང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་ངོས་འཛིན་གནང་།
ཅང་ཀྲེང་གིས་སློབ་གླིང་གི་སློབ་ཐོན་སློབ་མའི་ཚབ་ཞུས་ནས་གཏམ་བཤད་སྤེལ། ཁོང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་པ་དང་། སློབ་མཐར་ཕྱིན་རྗེས་སུ་ལས་གཏོད་བྱེད་པའི་བརྒྱུད་རིམ་ནང་དགེ་རྒན་ཚོས“གཞོལ་འདེབས”ཆེན་པོ་གསུམ་གནང་བ་སྟེ། གཞོལ་འདེབས་དང་པོ་ནི་དགེ་རྒན་ཚོས་ལོ་མང་རྒྱུན་མཐུད་ངང་གཅེས་སྐྱོང་གནང་བ་དང་། གཞོལ་འདེབས་གཉིས་པ་ནི་སློབ་གླིང་དང་སློབ་གྲྭའི་གྲོགས་པོ་ཚོའི་རོགས་རམ་དང་ལྟ་སྐྱོང་། གཞོལ་འདེབས་གསུམ་པ་ནི་མཚན་ཉིད་རིག་པའི་ཆེད་ལས་ཀྱིས་སློབ་མར་རྐང་བཙུགས་ནས་ཟབ་འཇུག་བྱེད་པའི་བསམ་གཞིག་སྦྱོང་བརྡར་བྱས་ནས་སློབ་ཐོན་སློབ་མར་ལས་ཀའི་ཁྲོད་རྒྱུན་མཐུད་ངང་ཕན་པ་ཐོབ་པ་བཅས་རེད་བཤད།
བཞེད་དོན་གཏམ་བཤད་ཀྱི་ལྷུ་ཚིགས་དེ་ཕུའུ་ཏན་སློབ་ཆེན་མཚན་ཉིད་རིག་པ་སློབ་གླིང་གི་ཡོན་ཀྲང་ཀྲང་ཧྲོང་ལིས་གཙོ་སྐྱོང་གནང་། ཅི་ལིན་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བསླབ་པ་རྒན་གྲས་དགེ་རྒན་ཆེན་མོ་བ་སུན་ཀྲེང་ཡུས་དང་། པེ་ཅིང་སློབ་ཆེན་པོ་ཡ་འཆད་ཁྲིད་ཀྱི་དགེ་རྒན་ཆེན་མོ་བ་ཀྲའོ་ཏུན་ཧྭ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་སློབ་གཉེར་པུའུ་ཡི་ཨུ་ཡོན་ཀྲོ་ཤིན་ཕིང་། པེ་ཅིང་སློབ་ཆེན་པོ་ཡ་འཆད་ཁྲིད་ཀྱི་དགེ་རྒན་ཆེན་མོ་བ་ཝང་པོ་བཅས་སོ་སོས་བཞེད་དོན་གཏམ་བཤད་གནང་།
དགེ་རྒན་ཆེན་མོ་བ་སུན་ཀྲེང་ཡུས་ཀྱིས་བཞེད་དོན་གཏམ་བཤད་གནང་སྐབས་སུ། མཚན་ཉིད་རིག་པས་བསམ་གཞིག་བྱེད་པ་ནི“མིའི་རིགས་ཀྱི་རང་བཞིན”ལྡན་པའི་རྩ་བའི་གནད་དོན་དེ་ཡིན་པ་དང་ཀྲུང་གོའི་མཚན་ཉིད་རིག་པས་ཀྲུང་གོ་རང་ངོས་ཀྱི་ལོ་རྒྱུས་དང་། རིག་གནས། དོན་དངོས་བཅས་ལ་གཞི་ཚུགས་དགོས་པ་མ་ཟད། ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་མིའི་རིགས་ཀྱི་གནད་དོན་ལའང་ཁ་ཕྱོགས་དགོས། རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་མཚན་ཉིད་རིག་པས་གནས་པ་སྨྲ་བ་དང་། རིགས་པའི་གཞུང་ལུགས་ངོ་མ་དང་རིན་ཐང་སྨྲ་བ། རྩོད་སྒྲུབ་རིག་པ། ཤེས་རྟོགས་སྨྲ་བ། གཏན་ཚིགས་རིག་པ། དེ་བཞིན་བསམ་བློའི་ནང་དོན་དང་། དུས་རབས་ཀྱི་ནང་དོན། ཤེས་རིག་གི་ནང་དོན་བཅས་བར་གྱི་གཅིག་གྱུར་མངོན་འགྱུར་བྱེད་དགོས་པ་མ་ཟད། ཕན་ཚུན་འབྲེལ་མཐུད་ཀྱི་འགྲེལ་བཤད་རྩ་དོན་དང་། དོན་སྤྱི་སྒྲོམ་གཞི། དོན་སྤྱི་མ་ལག་བཅས་ཆགས་དགོས། དཔེ་སྲོལ་ལ་ཞིབ་འཇུག་བྱེད་སྐབས“དངོས་པོ”རྨང་རྡོ་ཡིན་པའི་ཡོངས་ཁྱབ་ཆོས་ཉིད་སྨྲ་བ་དང་། “ལག་ལེན”རྨང་གཞིར་བྱས་པའི་གཙོ་མགྲོན་འབྲེལ་བའི་སྨྲ་བ་ནས“མཚན་ཉིད་རིག་པ”སྲོག་ཤིང་དུ་བྱས་པའི་སྣ་མང་གླེང་མོལ་སྨྲ་བ་དང“རང་བདག”ལས་འགན་དུ་བྱས་པའི་མ་ལག་འཛུགས་སྐྱོང་སྨྲ་བའི་ཕྱོགས་སུ་སྔར་བས་སྐྱོད་དགོས། ཀྲུང་གོའི་མཚན་ཉིད་རིག་པའི་རང་བདག་ཤེས་བྱའི་མ་ལག་འཛུགས་སྐྱོང་བྱེད་པར“བསམ་པའི་ཐོག་གི་རང་བཙན་རང་བདག”དེ་གཙོ་གཟུགས་རང་བཞིན་དུ་འཛིན་དགོས་པ་དང་། “རྗེས་དཔག་གི་རིགས་པའི་གཞུང་ལུགས་གསར་པ་སློབ་སྦྱོང་བྱེད་པ”དེ་ཐོག་མའི་གསར་གཏོད་རང་བཞིན་དུ་འཛིན་དགོས་པ། “དུས་རབས་ཀྱི་སྙིང་སྟོབས་ཀྱི་སྙིང་བཅུད”དེ་མཚོན་རྟགས་རང་བཞིན་དུ་འཛིན་དགོས་པ་མ་ཟད། མཐར་ཁྱབ་ཁོངས་ཤེས་རིག་གི“གཏན་ཚིགས་རིག་པ་ཆེན་པོ”འཛུགས་དགོས།
དགེ་རྒན་ཆེན་མོ་བ་སུན་ཀྲེང་ཡུས་ཀྱིས་བཞེད་དོན་གཏམ་བཤད་གནང་བ།
དགེ་རྒན་ཆེན་མོ་བ་སུང་ཅུན། ཀྲའོ་ཏུན་ཧྭ་བཅས་ཀྱིས་ཀྲུང་ཧྭའི་ཤེས་དཔལ་ནི་ས་སྐྱེས་རྡོ་སྐྱེས་དང་སྣ་མང་ཐུན་མོང་གི་སྒྲིག་གཞི་ཞིག་ཡིན་པ་ལས་ཕྱི་ནས་ཡོང་བ་ཞིག་མིན། ཀྲུང་གོའི་རིག་གནས་ས་ཁོངས་ཁག་གི་གནའ་རྫས་རྟོག་ཞིབ་ཤེས་རྟོགས་བྱུང་བ་དེས་ཀྲུང་གོའི་གནའ་བོའི་ལོ་རྒྱུས་ཀྱི་ངག་རྒྱུན་ལ་དོན་དངོས་ར་སྤྲོད་གལ་ཆེན་མཁོ་འདོན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་རང་བཙན་རང་བདག་གི་ལོ་རྒྱུས་ཇི་བཞིན་བརྗོད་པ་གཏན་འཁེལ་བྱས་ཡོད། ཁོང་གིས་ཞུས་ཞུས་ཧྲེང་གི“གནའ་བོའི་ཚོགས་པ་ཆེན་པོ་གསུམ”དང་སུའུ་པིང་ཆིའི“རིག་གནས་ཁུལ་ཆེན་པོ་དྲུག”གི་ཞིབ་འཇུག་དྲངས་ནས་དེ་གཉིས་ཕན་ཚུན་རམ་འདེགས་བྱས་ཏེ། དབུས་ཁུལ་ལྟེ་བར་བྱེད་པ་དང་བློ་ལ་ཕྱོགས་པའི་ཤེས་དཔལ་གྱི་རྣམ་པ་མངོན་ཡོད་ཅེས་བསྟན། སན་ཤིང་ཏུའེ་སོགས་གནའ་རྫས་རྟོག་ཞིབ་གསར་རྙེད་གསར་པ་དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཚན་རིག་གི་རིགས་པའི་གཞུང་ལུགས་དང་། ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་བརྗོད་འཐུས་ཚང་དུ་གཏོང་ཆེད་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། སན་ཤིན་ཏུའེ་གནའ་རྫས་རྟོག་ཞིབ་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་ཆབས་ཅིག་རིགས་པའི་གཞུང་ལུགས་དང་དོན་བརྗོད་དེས་དེ་བས་འོད་སྟོང་འཕྲོ་བའི་གཟི་བརྗིད་ལྡན་ངེས་རེད།
དགེ་རྒན་ཆེན་མོ་བ་ཀྲའོ་ཏུན་ཧྭ་ཡིས་བཞེད་དོན་གཏམ་བཤད་གནང་བ།
ཞིབ་འཇུག་པ་ཀྲུའོ་ཤིན་ཕིང་གིས། “རྒྱ་སྐད་ཆོས་ལུགས་སློབ་ཁྲིད”གཏོད་རྒྱུའི་བསམ་བཀོད་བཏོན་པ་དང་ཀྲུང་གོའི་ཆོས་ལུགས་སློབ་ཁྲིད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་ནས། “ཀྲུང་གོའི་ཁྱད་ཆོས”ལྡན་ལ“ཡོངས་ཁྱབ་ཀྱི་དོན་སྙིང”ཡང་མངོན་པའི་ཆོས་ལུགས་སློབ་ཁྲིད་ཀྱི་རིག་ཚན་མ་ལག་ཅིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་བཏོན། ཁོང་གིས་ངོས་འཛིན་བྱས་དོན། དང་པོ། ཀྲུང་གོའི་གནའ་རབས་ཀྱི་ཡི་གེའི་ཚད་ལྡན་ཡིག་ཆའི་ཐོག་ནས་ཆོས་ལུགས་ཀྲུང་གོར་དངོས་སུ་གནས་པ་ར་སྤྲོད་གང་ལེགས་བྱེད་ཐུབ་པ་དང་། གཉིས་པ། ཀྲུང་གོའི་ཆོས་ལུགས་སློབ་ཁྲིད་ཀྱི་སྐད་ཆ་འཛུགས་སྐྱོང་དེ“རྒྱ་སྐད”གཞི་རྩར་འཛིན་པ། གསུམ་པ། འབྲེལ་ཡོད་རྒྱ་ཡིག“ཐ་སྙད་གསེད་བཀྲོལ་དང་འགྲེལ་བཤད”ནི་ཀྲུང་གོའི་ཆོས་ལུགས་སློབ་ཁྲིད་ཀྱི་རྨང་གཞི་ཡིན་པ། བཞི་པ། རྒྱ་སྐད་ཀྱི་ཆོས་ལུགས་སློབ་ཁྲིད་ནི་རང་རྒྱལ་གྱི་སྤྱི་ཚོགས་དང་ཆོས་ལུགས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་ཞིག་ཡིན་པ། ལྔ་པ། རྒྱ་ཡིག་གི་ཆོས་ལུགས་སློབ་ཁྲིད་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཞིབ་ཕྲའི་དོན་འཁྱོལ་ཞིག་ཡིན་པ་བཅས་རེད། དེར་བརྟེན“རྒྱ་ཡིག་གི་ཆོས་ལུགས་སློབ་ཁྲིད”ཀྱིས་ངེས་པར་དུ་ཀྲུང་གོའི་སྤྱི་ཚོགས་ཀྱི་དོན་དངོས་དང་། ཀྲུང་གོའི་བསམ་བློ་རིག་གནས། ཀྲུང་གོའི་སྐད་ཡིག་བཅས་ལ་གཞི་ཚུགས་ནས་ཀྲུང་གོར་ཡོད་པའི་རིག་ཚན་དེའི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གནས་ཀྱི་ཁྱད་ཆོས་དང་དེ་བཞིན་ཞིབ་འཇུག་བསམ་བློའི་གྲུབ་འབྲས་ཀྱི་སྐད་ཡིག་གི་ཞིབ་གླེང་མངོན་ཡོད།
ཞིབ་འཇུག་པ་ཀྲུའོ་ཤིན་ཕིང་གིས་བཞེད་དོན་གཏམ་བཤད་གནང་བ།
དགེ་རྒན་ཆེན་མོ་བ་ཝང་པོས་མཚན་ཉིད་རིག་པས་ཞིབ་ཕྲའི་ཤེས་བྱ་དང་རྩལ་ནུས་སློབ་ཁྲིད་མི་བྱེད་པར་མི་རྣམས་ལ་ཀུན་སྤྱོད་དང་བློ་གྲོས་སློབ་ཁྲིད་བྱས་ནས། མི་རྣམས་ལ་སླར་ཡང་འཇིག་རྟེན་ལ་ལྟ་ཤེས་པ་བྱས་ཏེ་འཚོ་བའི་འཇིག་རྟེན་ལ་རྨང་གཞི་འདིང་དགོས་པར་མ་ཟད། རིན་ཐང་དང་སྒྲིག་ལམ་བཏོད་དེ་འཚོ་གནས་ལ་རྒྱུན་གཏན་གྱི་འཚོ་བ་ལས་བརྒལ་བའི་དོན་སྙིང་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བཤད། མཚན་ཉིད་རིག་པས་གོ་བ་ལེན་པའི་འཇིག་རྟེན་ནི་དངོས་ལུགས་ཀྱི་འཇིག་རྟེན་ནམ་སྲོག་ཆགས་ཀྱི་འཇིག་རྟེན་མ་ཡིན་པར། མི་དེའི་ནང་དུ་ཞུགས་པ་དང་། རིན་ཐང་དང་སྒྲིག་ལམ་འདུས་པའི་དོན་སྙིང་ལྡན་པའི་འཇིག་རྟེན་ཡིན། ཀྲུང་གོའི་མཚན་ཉིད་རིག་པས་རྒྱུན་དུ་གནམ་ས་མིའི་ཐོག་ནས་འཇིག་རྟེན་འདི་ཟེར་བ་དང་། གནམ་ས་མི་གཅིག་ཏུ་སྦྲེལ་བ་ནི་ལམ་ཡིན། ལམ་ནི་རིན་ཐང་དང་སྒྲིག་ལམ་གྱི་གཅིག་གྱུར་ཕུང་པོ་ཞིག་ཡིན་པས། མིའི་རིགས་འཚོ་གནས་ལ་མཁོ་བའི་རིན་ཐང་དང་སྒྲིག་ལམ་ལ་རྨང་གཞི་འདིང་བ་དང་། ལམ་ནི་སྒྲིག་ལམ་གྱི་མཚན་ཉིད་རིག་པ་ཞིག་ལ་ཕྱོགས་པ་དང་། ཀྲུང་གོའི་མཚན་ཉིད་རིག་པའི་ལྟེ་བའི་གནད་དོན་དང་གཞི་རྩའི་ཁྱད་ཆོས་གསར་བཞེངས་བྱས་ཡོད། ཀྲུང་གོའི་མཚན་ཉིད་རིག་པར་ལོ་རྒྱུས་དང་། ས་ཁུལ། མིག་སྔའི་དོན་སྙིང་ལྡན་ཡོད་པར་མ་ཟད། འཛམ་གླིང་གི་དོན་སྙིང་ཡང་ལྡན་ཡོད། དེའི་རང་བདག་ཤེས་བྱའི་མ་ལག་འཛུགས་པར་ཏན་ཏིག་སྒོ་དབྱེའི་སློབ་སྐྱོང་གི་རྣམ་འགྱུར་དང་མི་རབས་ཁ་ཤས་ཀྱིས་ཡུན་རིང་འབད་བརྩོན་བྱེད་དགོས།
དགེ་རྒན་ཆེན་མོ་བ་ཝང་པོ་ཡིས་བཞེད་དོན་གཏམ་བཤད་གནང་བ།
ཡན་ལག་གླེང་སྟེགས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་ཚོགས་ཞུགས་རིག་གཞུང་ཞིབ་འཇུག་པ་དག་གིས“ཀྲུང་ཧྭའི་རིག་གནས་ཀྱི་གཙོ་གཟུགས་རང་བཞིན་དང་ཀྲུང་གོའི་མཚན་ཉིད་རིག་པའི་རང་བདག་ཤེས་བྱའི་མ་ལག་འཛུགས་པ”དང་། “‘ཟུང་འབྲེལ་གཉིས’དང་དུས་རབས་གསར་པའི་མཚན་ཉིད་རིག་པའི་རིགས་པའི་གཞུང་ལུགས་གསར་གཏོད” “ཀྲུང་གོའི་མཚན་ཉིད་རིག་པའི་རང་བདག་ཤེས་བྱའི་མ་ལག་གི་མཚོན་རྟགས་རང་བཞིན་གྱི་ཐ་སྙད་དང་སྐད་ཆ་གྲུབ་པ” “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མཚན་ཉིད་རིག་པའི་དོན་བརྗོད་བརྟན་དུ་གཏོང་བ” “ཆོས་ལུགས་ཀྲུང་གོ་ཅན་དང་ཀྲུང་གོའི་རང་བདག་ཆོས་ལུགས་སློབ་ཁྲིད་ཤེས་བྱའི་མ་ལག་འཛུགས་པ”སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས། སློབ་གླིང་གྲོགས་པོའི་བཞུགས་མོལ་ཚོགས་འདུའི་ལྷུ་ཚིགས་སུ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་འཐུས་མི་དང་རྒྱལ་ཡོངས་ས་གནས་ཁག་གི་སློབ་གླིང་གྲོགས་པོའི་འཐུས་མི་གདན་ཞུས་ལྟར་གྲོས་བསྡུར་ནང་ཞུགས་ཏེ། རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་འཕེལ་རྒྱས་དོན་གནད་གྲོས་བསྡུར་གནང་།
སློབ་གླིང་གྲོགས་པོའི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས1956ལོར་མཚན་ཉིད་རིག་པའི་ཆེད་ལས་བཙུགས་པ་དང་། 1986ལོར་མཚན་ཉིད་རིག་པའི་ཚན་ཁག་བཙུགས་པ། 2008ལོར་མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་གླིང་བཙུགས། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚན་ཉིད་རིག་པའི་རིག་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི“སྣ་མང་འཆམ་མཐུན”གྱི་སྲོལ་རྒྱུན་ལ་གཞི་ཚུགས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་བཅས་ལས་ཀའི་གཙོ་གནད་དུ་བྱས་ནས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ་རྒྱལ་ཁབ་ལ་ཤེས་རྩལ་འཛོམས་པའི་མི་གསོ་སྐྱོང་བྱས་ཡོད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚན་ཉིད་རིག་པའི་རིག་ཚན་གྱིས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་དང་སློབ་གླིང་གྲོགས་པོའི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བྱས་ནས། མཚན་ཉིད་རིག་པའི་རིགས་པའི་གཞུང་ལུགས་གསར་གཏོད་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོད་པ། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་གྲུབ་པར་ལེགས་སྐྱེས་ཆེས་ཆེར་འབུལ་རྒྱུ་རེད།
ཚོགས་ཞུགས་མི་སྣའི་མཉམ་པར།