ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

༄༅།།སྨིན་གླིང་ཁྲི་རབས་བཅུ་གསུམ་པ་དགྲ་ལྷ་རྒྱལ་མཚན་མཆོག བོད་རང་སྐྱོང་ལྗོངས་གྲ་ནང་རྫོང་སྨིན་གྲོལ་གླིང་དགོན་པར་ཁྲི་གསོལ་གནང་བ།

སྤེལ་དུས 2026-10-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      2026ལོའི་ཟླ་10ཚེས་16ཉིན།  སྨིན་གྲོལ་གླིང་ཁྲི་རབས་བཅུ་གསུམ་པ་དགྲ་ལྷ་རྒྱལ་མཚན་མཆོག་གི་ཁྲི་གསོལ་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་གྲ་ནང་རྫོང་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པར་གཟབ་རྒྱས་གཉེར་བ་རེད། སྨིན་གྲོལ་གླིང་དགོན་པའི་གྲྭ་དམངས་ཡོངས་དང། རྙིང་མའི་དགོན་སྡེའི་བླ་སྤྲུལ་ཆེ་ཁག གྲྭ་བཙུན་གྱི་སྐུ་ཚབ། དེ་བཞིན་མཇལ་ཞུར་ཕེབས་མཁན་ཆོས་དད་མང་ཚོགས་བཅས་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད།


      སྨིན་གྲོལ་གླིང་ནི་གསང་ཆེན་སྔ་འགྱུར་མ་དགོན་ཆེན་པོ་དྲུག་གི་ཡ་གྱལ་དང་ལྷོ་གཏེར་གྱི་ཕྱག་རྒྱུན་བསྐྱངས་གནས་ཡིན་ལ་སྨིན་གྲོལ་གླིང་ཁྲི་རབས་རིམ་བྱོན་གྱི་བཞུགས་གནས་ཀྱང་ཡིན།  སྨིན་གླིང་ཁྲི་རབས་རིམ་བྱོན་གྱི་གདུང་བརྒྱུད་སྤྲུལ་སྐུ་ནི་ཐོག་མཐའ་བར་གསུམ་དུ་སྨིན་གྲོལ་གླིང་དགོན་པའི་ཁོངས་གཏོགས་ཡིན་པ་དང་། ལོ་རྒྱུས་ཐོག་ཁྲི་རབས་བཅུ་གཉིས་མཆེད་ནས་ད་བར་ལོ་ངོ་༣༥༠ལྷག་སོང་ཡོད།  སྨིན་གྲོལ་གླིང་ཁྲི་རབས་བཅུ་གཉིས་པ་ཀུན་བཟང་དབང་རྒྱལ་མཆོག་གི་རིགས་སྲས་གཅིག་པུ་དགྲ་ལྷ་རྒྱལ་མཚན་མཆོག་(ཆོས་མིང་འགྱུར་མེད་ཀུན་བཟང་འཇིགས་མེད)ཁྲི་རབས་བཅུ་གསུམ་པར་ཁྲི་གསོལ་བྱུང་བ་ནི་གདུང་རྒྱུད་སྤྲུལ་སྐུ་ངོས་འཛིན་གྱི་ལོ་རྒྱུས་ངེས་སྲོལ་དང་ཆོས་ལུགས་ཆོ་ག་དང་ཡོངས་སུ་མཐུན་ཡོད་པས་སྨིན་གྲོལ་གླིང་གྲྭ་དམངས་དང་ཆོས་དད་མང་ཚོགས་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་ཡོད།


      མཛད་སྒོ་བརྗིད་ཆགས་དཔལ་གྱིས་བརྒྱན་ཅིང་ཞི་བདེ་མཐུན་སྦྱོར་ལྡན་ལ། སེར་སྐྱ་མང་ཚོགས་གཟབ་མཆོར་ལེགས་པར་སྤྲས་ཏེ་དཀར་གཙང་མཇལ་དར་བསྒྲོན་པའི་ཚོགས་ན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྐུ་ཚབ་ནས་གདུང་རྒྱུད་ངོས་འཛིན་གྱི་བཀའ་མཆན་སྒྲོག་སྦྱང་གནང་ཞིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐུ་ཚབ་ནས་སྤྲུལ་སྐུའི་དཔང་ཡིག་བསྩལ་ཡོད།  སྨིན་གླིང་ཁྲི་རབས་བཅུ་གསུམ་པ་དགྲ་ལྷ་རྒྱལ་མཚན་མཆོག་གི་ཁྲི་གསོལ་མཛད་སྒོ་ལེགས་གྲུབ་ལམ་ལྷོངས་བྱུང་བ་ནི་ཏང་གི་ཆོས་དད་རང་མོས་སྲིད་ཇུས་བོད་ལྗོངས་སུ་ཁྱོན་ཡོངས་ནས་ལག་བསྟར་ཐུབ་པ་གང་ལེགས་མཚོན་ཡོད་ལ།  ཀྲུང་གོ་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ངོས་འཛིན་དང་གདུང་བརྒྱུད་སྤྲུལ་སྐུ་ངོས་འཛིན་ཐད་ཀྱི་དབང་གྲགས་ཀྱང་བསྙོན་མེད་མཚོན་ཡོད།།