ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ས་ཡོམ་གྱི་གནོད་འཚེའི་ཁྲོད། གོས་དཀར་གྱི་ལྷ་རྗེ་བཟང་།

སྤེལ་དུས 2026-11-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
བོད་ལྗོངས་ནག་ཆུ་སྨན་རྩིས་ཁང་གིས་རང་ནུས་ཡོད་རྒུས་སྲོག་སྐྱོབ་འགན་འཁྲི་ཕྲག་ཏུ་འཁུར།

གཅིག གནོད་འཚེ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་ཡིན།
             བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་དུ་ས་ཡོམ་གྱི་གནོད་འཚེ་ཐོན་རྗེས་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གིས་འཕྲལ་མར་ཡོམ་འགོག་གནོད་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། དོས་དྲག་ཚན་ཁག་དང་། རུས་ནད་ཚན་ཁག སྙིང་དང་ཀླད་པའི་ཁྲག་རྩའི་ཚན་ཁག ཕྱི་བཅོས་ཚན་ཁག་སོགས་ཀྱི་ཆེད་ལས་རྐང་འཛིན་སྨན་པ12ལས་གྲུབ་པའི་ཡོམ་འགོག་གནོད་སེལ་གྱི་སྨན་བཅོས་རུ་ཁག་བཙུགས། ཟླ10པའི་ཚེས23ཉིན་གྱི་ཐོ་རེངས་ཆུ་ཚོད6པར། ནག་ཆུ་གྲོང་ཁྱེར་སྨན་བཅོས་རོགས་སྐྱོབ་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་འོག་འཕྲལ་མ་ཉིད་དུ་སྦྲ་ཆེན་རྫོང་གངས་ཆེ་ཞང་དུ་རོགས་སྐྱོབ་ལས་དོན་སྤེལ་འགོ་ཚུགས།

             བཀོད་སྒྲིག་ས་ཚིགས་སུ་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་ཡོན་ཀྲང་པ་སངས་ཚེ་རིང་གིས་མང་ཚོགས་ཚོར་གཟུགས་གཞིའི་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་ཞུས་པ་དང་། སྨན་བཅོས་རུ་མི་གཞན་དག་ཚོས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་ཁག་གསུམ་ཏུ་སྐོར་སྐྱོད་བརྟག་དཔྱད་སྨན་བཅོས་བྱས་ཤིང་། བོད་ལུགས་གསོ་རིག་གི་ན་བ་གསོ་བར་བྱེད་པའི་དམིགས་བསལ་གསོ་ཐབས་བརྒྱུད། དུས་ཐོག་ཏུ་ནད་པ་མང་པོའི་ཚེ་སྲོག་བསྐྱབས་པ་མ་ཟད་ད་དུང་རིན་མེད་ངང་སྨན་སྦྱིན་རྒྱ་ཆེར་མཛད།
གཉིས། བོད་ལུགས་གསོ་རིག་གསོ་ཐབས་བཟང་། དམངས་ཀྱི་ལུས་སེམས་བདེ་བར་བྱེད།
             ཡོམ་འགོག་གནོད་སེལ་གྱི་འཐབ་ས་མདུན་མར། བོད་སྨན་གྱི་ཁྱད་ལྡན་བཟང་ཆ་ལྷག་ཏུ་མངོན་པ་སྟེ། རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་ལེགས་པར་བསྒྲུབས་ཁར། སྨན་བཅོས་རུ་མིས་ས་གནས་ས་ཐོག་ཏུ་བྱུག་པ་རྒྱག་པ་དང་ཐང་སྨན་བསྐོལ་བ་སོགས་སྲོལ་རྒྱུན་གྱི་གསོ་ཐབས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་མང་ཚོགས་ཚོའི་ལུས་སེམས་གཉིས་ཀ་གསོ་བར་བྱས་པས་གནམ་གཤིས་གྲང་ངར་ཆེ་བ་དང་། གསོ་རླུང་དཀོན་པ། ས་ཡོམ་གྱི་གནོད་འཚེ་བཅས་ལས་བྱུང་བའི་དཀའ་ཉེན་དང་འཇིགས་པའི་གདུང་བ་ཉི་མ་སྤྲིན་བྲལ་ལྟར་རིམ་གྱིས་སེལ། སྨན་བཅོས་རུ་མིས་གནོད་འཚེ་ཕོག་པའི་མང་ཚོགས་ཚོའི་ཕྱི་ལུས་པོའི་ནད་གཞིར་རྣག་ཐོག་གཙག་འཁེལ་གྱི་སྨན་བཅོས་བྱས་པ་མ་ཟད། ནང་སེམས་ཁམས་གསོ་བའི་ཐབས་མང་མཉམ་དུ་བཟུང་བས། ས་ཡོམ་གྱི་འཇིགས་པའི་དངངས་སྐྲག་དང་ལུས་སེམས་མི་བདེ་བ་ཞི་ལྷོད་དུ་སོང་། བཀོད་སྒྲིག་ས་ཚིགས་སུ་རྒན་རྒོན་ཚོར་ཁྲག་ཤེད་དང་ཁྲག་ནང་གསོ་རླུང་འདུས་ཚད་སོགས་བརྟག་དཔྱད་ཞིབ་ཕྲ་བྱས་པས་གཅོང་ནད་ཕོག་པའི་རྒན་རྒོན་དེ་དག་ལ་ནད་གཞི་ཚབས་ཆེན་མི་ཕོག་པ་བྱུང་ཡོད།

             མདོར་ན། གང་དུ་རྐྱེན་ངན་འཕྲད་རུང་དེ་གར་སྨན་པའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་ལྟར། ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གིས་མི་དམངས་ཀྱི་ཚེ་སྲོག་གོང་མའི་གོང་དུ་བཀུར་ཏེ་འཕྲལ་མ་ཉིད་དུ་ས་ཡོམ་ཁུལ་དུ་བསྐྱོད་དེ་མི་འདོད་ནད་ཀྱིས་གཙེས་པའི་མང་ཚོགས་ཀྱི་ལུས་སེམས་གཉིས་ཀའི་གདུང་བ་སེལ་བར་འབད་ཅིང་། ས་ཡོམ་ལ་སྙིང་རྗེ་མེད་རུང་མི་ཡུལ་བརྩེ་བས་ཁེངས་པའི་གཏམ་རྒྱུད་ཀུན་གྱི་མཐོང་ཆོས་སུ་གྱུར་བ་ཞིག་བཏོད་ཡོད།