ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

མཚོ་སྔོན་གྱིས་ས་ཆ་གཞན་ལ་ལྗང་གློག་གཏོང་ཚད98.1%ཟིན་པ།

སྤེལ་དུས 2026-11-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             གསར་འགོད་པས་ཉིན་ཤས་གོང་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དུས་ཚིགས་གོང་མ་གསུམ་གྱི་ནང་། མཚོ་སྔོན་གྱི་ནུས་རྒྱུ་གསར་པས་རིམ་རྩིས་བྱས་ན་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར517.2ཟིན་པ་དེས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་གཏོང་ཚད་ཀྱི52.06%བཟུང་ཡོད། དུས་མཚུངས་སུ་མཚོ་སྔོན་གྱིས་རིམ་རྩིས་བྱས་ན་ཕྱིར་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར308.66ཟིན་པ་དེ་དུས་མཚུངས་ལས9.7%འཕར་ཡོད་པ་རེད། དེའི་ནང་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར302.8ཟིན་པ་དེས98.1%བཟུང་བ་དང་། ནུས་རྒྱུ་གསར་པའི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར201ཟིན་པ་དེས65.1%བཟུང་ཡོད་པ་རེད།

             ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ9པའི་ཟླ་མཇུག་བར། མཚོ་སྔོན་གློག་དྲའི་གློག་ཁུངས་ཀྱི་སྤྱིའི་གློག་གཏོང་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི8739.95ཟིན་པ་དེའི་ནང་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི8036.86ཟིན་ཞིང་དེས91.96%བཟུང་ཡོད་པ་དང་། ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི6395.58ཟིན་པ་དང་དེས73.18%བཟུང་ཡོད། གློག་ཤུགས་སྡེ་ཁག་གིས་ངོ་སྤྲོད་བྱས་པ་ལྟར་ན། ནུས་ཁུངས་གཙང་མའི་ཁོངས་སུ་རླུང་ནུས་དང་ཉི་ནུས། ཆུ་ནུས། སྐྱེ་དངོས་ཀྱི་གཤིས་ནུས་སོགས་ཚུད་ཡོད་ཅིང་། དེ་ལས་རླུང་ནུས་དང་ཉི་ནུས། སྐྱེ་དངོས་ཀྱི་གཤིས་ནུས་བཅས་ནུས་ཁུངས་གསར་པའི་ཁོངས་སུ་གཏོགས་པ་དང་། ཆུ་ནུས་ནི་རྒྱུན་ལྡན་གྱི་ནུས་ཁུངས་གཙང་མ་ཡིན། ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པར་བརྟེན་ནས་མཚོ་སྔོན་གྱིས་ནུས་ཤུགས་གཅིག་སྒྲིལ་སྒོས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བཏོད་དེ་མཚོ་ལྷོ་དང་མཚོ་ནུབ་ཀྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་རྟེན་གཞི་གཉིས་བསྐྲུན་ཟིན་པ་དང་གསར་སྤེལ་འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད།

             ད་ལོའི་ཟླ་དང་པོ་ནས་ཟླ9པའི་བར། མཚོ་སྔོན་དུ་ནུས་གསོག་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་སྟོང་ཝ་ཁྲི124འཕར་བ་དང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནུས་གསོག་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་སྟོང་ཝ་ཁྲི451ཟིན་ནས་ཆུ་ཚོད1267ཁ་སྣོན་བརྒྱབ་པ་དང་། དེ་དུས་མཚུངས་ལས་ཆུ་ཚོད70མང་དུ་ཕྱིན་པ་མ་ཟད། ནུས་རྒྱུ་གསར་པའི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར27.78འཕར་སྣོན་བྱུང་ཡོད།

             ད་ལོའི་ཚུན་དུ་མཚོ་སྔོན་གྱི་ལྗང་གློག་དང་ལྗང་གློག་ལག་ཁྱེར་ཉོ་ཚོང་གི་གཞི་ཁྱོན་དང་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཟླ5པར་མཚོ་སྔོན་གྱི་ལྗང་གློག་ཧྥུ་ཅན་དུ་ཐེངས་དང་པོ་བསྐྱལ་བ་དང་ཕྱི་ཕྱོགས་སུ་གློག་སྐྱེལ་བའི་ཁྱབ་ཁོངས་ཞིང་ཆེན(གྲོང་ཁྱེར)23བར་རྒྱ་སྐྱེད་བཏང་ཡོད། ཟླ6པར་མཚོ་སྔོན་གྱིས་ཧེ་ལུང་ཅང་དང་ལག་གདང་སྦྲེལ་ནས་རྒྱལ་ཡོངས་ཀྱི་ཁུལ་བརྒལ་རླུང་འོད་གཅིག་རྗེས་གཉིས་མཐུད་ངང་ཕྱིར་སྐྱེལ་ཐེངས་དང་པོ་བྱས་པ་དང་། ས་གནས་གཉིས་ཀྱི་གློག་གཏོང་ཁྱད་ཆོས་གསབ་རེས་ལ་བརྟེན་ནས་མཚོ་སྔོན་གྱི་ཉིན་མོའི་འོད་ནུས་དང་ཧེ་ལུང་ཅང་གི་མཚན་མོའི་རླུང་གློག་སྦྲེལ་མཐུད་བྱས་ཏེ། མཉམ་འབྲེལ་ཐོག་པེ་ཅིང་དུ་ལྗང་གློག་བརྟན་པོའི་ངང་མཁོ་འདོན་བྱས་པ་རེད། མིག་སྔའི་བར་མཚོ་སྔོན་གྱི་ལྗང་གློག་ལག་ཁྱེར་ཉོ་ཚོང་བྱེད་ཚད་ཁྲི1367ཟིན་པ་དེ་དུས་མཚུངས་ལས་ལྡབ5འཕར་བ་དང་། ལྗང་གློག་གི་ཁོར་ཡུག་རིན་ཐང་མགྱོགས་མྱུར་མངོན་གསལ་དོད་དུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་ཟད་གྲོན་གྱི་ཚོད་འཛིན་གཉིས་ཀྱི་དམིགས་ཚད་མངོན་འགྱུར་དང་ཐོན་ལས་ཀྱི་ལྗང་མདོག་ཐཱན་ཉུང་བརྗེ་སྒྱུར་ལ་རོགས་རམ་ནུས་ལྡན་ཐུབ་ཡོད།