ཞི་ཅིན་ཕིང་གིས་རིག་ནུས་ཐོན་ལས་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།
སྤེལ་དུས 2025-09-09
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས5ཉིན2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། མི་ཐབས་རིག་ནུས་ལག་རྩལ་རིམ་འཇུག་རིམ་འཕེལ་མྱུར་པོ་ཕྱིན་ནས། མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བར་འགྱུར་ལྡོག་གཏིང་ཟབ་གཏོང་བ་དང་འཛམ་གླིང་ཧྲིལ་པོའི་ཐོན་ལས་རྣམ་པ་བསྐྱར་སྒྲིག་བྱེད་བཞིན་ཡོད། ཀྲུང་གོས་མི་ཐབས་རིག་ནུས་ཀྱི་གོང་འཕེལ་དང་བཅོས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་དང་། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་པ། དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ལ་ནུས་པ་སྦྱིན་པ། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མི་ཐབས་རིག་ནུས་ནི་མིའི་རིགས་ཧྲིལ་པོར་ཕན་པ་སྐྲུན་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཤིག་རེད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ངང་བྱེད་པ་དང་། གོང་འཕེལ་གྱི་འཐབ་ཇུས་དང་། བཅོས་སྐྱོང་ལམ་སྲོལ། ལག་རྩལ་ཚད་གཞི་སོགས་ཀྱི་ཐད་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མི་ཐབས་རིག་ནུས་ཐོན་རྫས་སྐྱོན་བྲལ་ངང་གོང་འཕེལ་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རིག་ནུས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།
2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་དེ་ཚེས5ཉིན་ཁྲུང་ཆིང་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“མི་ཐབས་རིག་ནུས+”དང“རིག་ནུས་དྲ་བ་དེ་ནུས་རྒྱུ་གསར་པའི་རླངས་འཁོར་དང་སྦྲེལ”ཞེས་པ་དེ་ཡིན་ཞིང་། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་རེད།