ཟླ4པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་གོ་སྐབས་དེར་བརྟེན་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིམ་པ་ཁག་གི་འགྲོ་འོང་རྒྱ་ཆེར་གཏོང་བ། ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་གོང་འཕེལ་ལ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
མིག་སྔའི་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་དུས་བབ་ལ་དམིགས་ཏེ། ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་འཕྲལ་མར་ཕྱོགས་ཡོངས་ནས་དམག་མཚམས་འཇོག་དགོས་པའི་འདོད་ཚུལ་འཛིན་པ་དང་། ཞི་བདེ་སླར་གསོ་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་པ། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་རྩོད་གཞི་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཧོར་མུའུ་ཙི་མཚོ་འགག་ཏུ་རྒྱུན་གཏན་ཤར་བགྲོད་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ས་ཁུལ་དང་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་མཛའ་གྲོགས་དང་། འཕེལ་རྒྱས། བདེ་འཇགས། མཉམ་ལས་བཅས་ཀྱི་ཐུན་མོང་ཁྱིམ་གཞིས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་བཟུང་ནས་ས་ཁུལ་གྱི་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
མུའུ་ཧན་མོ་ཏེས། སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བ་ནི་འཐབ་ཇུས་རང་བཞིན་ལྡན་པ་ཞིག་ཡིན་པས། ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་སོ་ཏི་ཨ་རབ་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། མིག་སྔར་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གིས་མཚོ་ཁུག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་དང་། འཛམ་གླིང་གི་ནུས་རྒྱུ་མཁོ་སྤྲོད་དང་དཔལ་འབྱོར་འཁོར་སྐྱོད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། སོ་ཏི་ཨ་རབ་ཀྱིས་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་འགལ་བ་དང་མི་མཐུན་པའི་ཆ་ཐག་གཅོད་བྱ་རྒྱུར་གཞོལ་བཞིན་ཡོད་ཅིང་། དུས་བབ་ཛ་དྲག་ཏུ་མི་འགྲོ་བའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ནི་འགན་འཁུར་མཁན་གྱི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་དྲང་གཞག་གི་ལངས་ཕྱོགས་འཛིན་གྱི་ཡོད་པ་དང་། དབུས་ཤར་རྒྱལ་ཁབ་ཀྱི་ཁྱིམ་མཚེས་མཛའ་གྲོགས་དང་གླེང་མོལ་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། སོ་ཏི་ཨ་རབ་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། དམག་མཚམས་འཇོག་པའི་དུས་བབ་སྲུང་སྐྱོང་བྱེད་པ། དམག་འཁྲུག་གི་མེ་ལྕེ་སླར་ཡང་མི་འབར་བ་བཅས་བྱས་ཏེ། ཧོར་མུའུ་ཙི་མཚོ་འགག་གི་མཚོ་འགྲུལ་བདེ་འཇགས་དང་རང་དབང་ལ་འགན་སྲུང་བྱེད་པ་དང་། ཐུན་མོང་ཐོག་ས་ཁུལ་གྱི་ཡུན་རིང་བདེ་འཇགས་མངོན་འགྱུར་ཐུབ་པའི་ཐབས་ལམ་འཚོལ་འདོད་ཡོད་ཅེས་གསུངས་ཡོད།