ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས་ནན་སྟོན་གནང་དོན།

སྤེལ་དུས 2024-04-25 ཡོང་ཁུངས། རྩོམ་པ་པོ།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། ཁྲུང་ཆིང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་ལྟེ་བའི་ལས་འགན་དང་ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ལ་དམིགས་ནས། བསྡུར་གཞི་ཡོད་པའི་བཟང་ཆ་དང་རྗེས་ཐོན་བཟང་ཆ་འདོན་སྤེལ་གང་ལེགས་ཀྱིས་བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་ཞབས་ཞུ་དང་དེའི་ནང་མཉམ་འདྲེས་བྱེད་པ། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ཀྱི་རྟེན་ས་དང་ནང་ལོགས་སྐམ་སའི་སྒོ་དབྱེའི་ཕྱོགས་བསྡུས་ལྟེ་བ་འབད་པས་བསྐྲུན་པ། “ནུས་པ་གསུམ”འདོན་སྤེལ་བྱེད་པའི་ཐད་བྱས་རྗེས་དེ་བས་ཆེ་བ་འཇོག་པ་བཅས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྲུང་ཆིང་གི་ལེའུ་ཟམ་མི་ཆད་པར་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།
        ཟླ་4ཚེས་22ཉིན་ནས་ཚེས་24ཉིན་བར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཅ་ཅུན་དང་གྲོང་སྤྱི་ཧུའུ་ཧེང་ཧྭ་ཡི་ཕེབས་རོགས་འོག ཟོག་འགྲེམས་གླིང་ཁུལ་དང་། གྲོང་ཁྱེར་སྡེ་ཁུལ། གྲངས་འཛིན་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ལྟེ་གནས་སོགས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད།
        ཚེས་22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དང་ཐོག་ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་བའི་གླིང་ཁུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཁྲུང་ཆིང་ཆུ་མེད་གྲུ་ཁ་གཉེར་སྐྱོང་བཀོད་གཏོང་ལྟེ་གནས་སུ་ཕེབས་ནས་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱས་ཚུལ་སྙན་སེང་ཞུས་པར་གསན་གནང་བ་རེད། ཞི་ཅིན་ཕིང་གིས། ཟོག་འགྲེམས་ནི་དངོས་ཚན་དཔལ་འབྱོར་གྱི“རྩ་རྒྱུད”ལྟ་བུ་རེད། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པ་དེས“སྐམ་མཚོའི་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རམ”བྱེད་པའི་ཕྱི་ཕྱོགས་སྒོ་འབྱེད་རྣམ་པ་ཆགས་པར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དེ་འཛུགས་སྐྲུན་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ཏེ། ནུབ་རྒྱུད་དང་ནང་ལོགས་སྐམ་སའི་ཁུལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་ཁྲིད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        དེ་རྗེས། ཞི་ཅིན་ཕིང་ཁྲུང་ཆིང་ལྕགས་ལམ་དོས་སྒམ་ལྟེ་གནས་ས་ཚིགས་སུ་ཕེབས་ནས་དངོས་ཟོག་བསྡུ་འགྲེམས་དང་། སྐྱེལ་འདྲེན་བརྒྱུད་ལམ། གཉེར་སྐྱོང་མ་གནས། ཕན་འབྲས་སོགས་ངོ་སྤྲོད་ཞུས་པར་གསན་གནང་ཡོད། ཞི་ཅིན་ཕིང་གིས། ཟོག་འགྲེམས་གླིང་ཁུལ་གྱིས་སྔོན་ཐོན་ལག་རྩལ་བེད་སྤྱོད་ཧུར་ཐག་བྱས་ནས། མུ་འབྲེལ་སྐྱེལ་འདྲེན་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་། ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། དེང་རབས་ཟོག་འགྲེམས་མ་ལག་འཛུགས་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་། མེ་འཁོར་གྱི་ཁ་ལོ་བ། འདོན་འཇུག་བཟོ་པ། ས་ཚིགས་ཀྱི་དོ་དམ་མི་སྣ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཡོད། ཞི་ཅིན་ཕིང་གིས། ཚང་མ་ཟོག་འགྲེམས་ཀྱི་འཐབ་ཕྱོགས་དང་པོར་ཡོད་ལ། ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཕྱོགས་དང་པོར་ཡང་ཡོད། ཁྱེད་ཚོས་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་ཚོང་ཟོག་མང་པོ་ཞིག་རི་མཚོ་བརྒལ་ནས་འཛམ་གླིང་ཐོག་བསྐྱོད་ཀྱི་ཡོད་པས། ཁྱེད་ཚོའི་ལས་དོན་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ནུབ་རྒྱུད་སྒོ་འབྱེད་ཆེན་མོ་དང་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བར་ཟོག་འགྲེམས་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པས། ཚང་མས་མུ་མཐུད་འབད་བརྩོན་བྱས་ནས་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་པ་དང་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས་གནང་ཡོད། དེ་ནས་ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་ད་དུང་ཁོང་ཚོའི་ལས་ཀའི་ཤུགས་ཚད་དང་། ངལ་རྩོལ་སྲུང་སྐྱོང་། དུས་ཆེན་དང་གུང་གསེང་གི་ངལ་གསོ་དང་ཡོང་འབབ་བཅས་ཀྱི་གནས་ཚུལ་ཐད་བཀའ་འདྲི་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས་ད་དུང་ཁྲུང་ཆིང་གིས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚུལ་སྙན་སེང་ཞུས་པར་གསན་པ་དང་། ཁྲུང་ཆིང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་གོང་འཕེལ་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་གནང་བའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་རེད། ཁྲུང་ཆིང་དང་སི་ཁྲོན་ས་གནས་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱེད་པ་དང་། གོང་འཕེལ་གྱི་ནུས་རིམ་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། དུས་རབས་གསར་པའི་ནུབ་རྒྱུད་ཀྱི་“གྲོང་གཉིས་གཏམ་རྒྱུད” ལེགས་པར་རྩོམ་དགོས། ཀ་རྟེན་ཐོན་ལས་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་འཐབ་ས་གཙོ་བོ་དེ་ཡིན། ཁྲུང་ཆིང་གི་བཟོ་སྐྲུན་ལས་རིགས་ལ་རང་ངོས་ཀྱི་གྲུབ་ཚུལ་ཁྱད་ཆོས་དང་དེ་མཚུངས་ཀྱི་བཟང་ཆ་ལྡན་པས། ཁྲུང་ཆིང་གིས་ཚན་རྩལ་གསར་གཏོད་ཀྱི་“གླང་སྣ”དེ་དམ་པོར་བཟུང་སྟེ། བཟང་ཆ་དར་སྤེལ་དང་ཞན་ཆ་གསབ་པ། མིག་སྔར་དམ་འཛིན་དང་འབྱུང་འགྱུར་འཆར་འགོད། བློ་བརྟན་འགྱུར་མེད་དང་ཡུན་རིང་འབད་བརྩོན་བཅས་བྱས་ཏེ། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བསྟན་གནང་ཡོད།
        ཅིའུ་ལུང་ཕོ་ཁུལ་ཞེ་ཅ་ཝན་སྲང་ལམ་དམངས་གཙོ་གྲོང་ཚོའི་སྡེ་ཁུལ་ནི་སྡེ་ཁུལ་རྙིང་པ་ཞིག་ཡིན་པ་དང་། 2022ལོའི་ལོ་འགོར་བསྒྱུར་བཀོད་བརྗེ་སྒྱུར་རྣམ་གྲངས་འགོ་བཙུགས་པ་མ་ཟད་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོད་ལྟའི་ས་ཚིགས་ཁོང་སུ་བཅུག་པ་རེད། ཞི་ཅིན་ཕིང་དེ་གར་ཕེབས་ནས། སྡེ་ཁུལ་བསྒྱུར་བཀོད་དང་དམངས་ཕན་ཞབས་ཞུ་སྒྲུབ་ཚུལ་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས། སྡེ་ཁུལ་རྙིང་པ་བསྒྱུར་བཀོད་བྱ་རྒྱུ་ནི་གྲོང་ཁྱེར་གསར་བརྗེ་བྱེད་པའི་གཙོ་གནད་ཅིག་རེད་ལ། དམངས་འཚོའི་ལས་གྲྭ་ཞིག་ཀྱང་ཡིན་པས། ལོ་རྒྱུས་ཀྱི་དྲན་གསོ་དང་དམིགས་བསལ་དམངས་སྲོལ་ཉར་ཚགས་བྱེད་དགོས་ལ། གྲོང་མི་ནས་དོ་ཁུར་བྱེད་པའི་དོན་དངོས་གནད་དོན་ཡང་ཐག་གཅོད་བྱེད་དགོས། དེའི་ཐད་ཀྱི་ལེགས་འགྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་གདལ་བཏང་ཐོག རྒྱ་ཆེའི་སྡེ་ཁུལ་གྱི་གྲོང་མིར་ཕན་པ་དེ་བས་ཆེ་བ་ཐོབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་མཐོར་གཏོང་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་ཚུལ་ངོ་སྤྲོད་ཞུས་པར་གསན་གནང་བ་རེད། ཞི་ཅིན་ཕིང་གིས། གྲོང་ཁྱེར་བཅོས་སྐྱོང་བྱེད་པའི་ལས་དོན་མང་པོ་ཞིག་དམག་འཐབ་མཁར་རྫོང་དུ་གྱུར་བའི་གཞི་རིམ་ཏང་རྩ་འཛུགས་དང་སྡེ་ཁུལ་གྱི་སྟེགས་བུར་བརྟེན་ནས་ལག་ལེན་བསྟར་དགོས་པ་དང་། གྲོང་ཁྱེར་ནང་གི་སྡེ་ཁུལ་གྱི་འགན་འཁྲིའི་ལས་དོན་ཁ་གསལ་བཟོ་བ། མུ་མཐུད་ཐོན་ཁུངས་གཤམ་སྤེལ་དང་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ཤུགས་ཆེརགཏོང་བ་བཅས་ཀྱིས། སྡེ་ཁུལ་ཞིབ་ཚགས་ཅན་དུ་བཅོས་སྐྱོང་དང་ཞིབ་ཚགས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། ཁོང་ནས་ད་དུང་སྡེ་ཁུལ་གྱི་ཟ་ཁང་དུ་ཕེབས་ཏེ། དེ་གར་ཞལ་ལག་མཆོད་བཞིན་པའི་མང་ཚོགས་དང་བྱམས་བརྩེའི་བཀའ་མོལ་གནང་ཞིང་། སྡེ་ཁུལ་གྱི་ཟ་ཁང་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་གནང་ཡོད།
        དེ་ནས་ཞལ་གྱེས་སྐབས། སྡེ་ཁུལ་གྱི་གྲོང་མི་ཚོས་གཅིག་མཇུག་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་འཁོར་དུ་རུབ་འོང་ནས་ཁོང་ལ་ཕེབས་སྐྱེལ་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མར། ཀྲུང་གོའི་རྣམ་པའི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་པར་དམངས་གཙོ་གལ་ཆེ་ཤོས་སུ་འཛིན་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་བསྒྲུབ་དགོས་པ་ནི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད།
        ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ཚང་མས་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནོར་ཤུགས་དང་དངོས་ཤུགས་དེ་བས་མང་བ་འདོན་སྤེལ་བྱེད་པ་དང་། ལོ་ལྟར་དམངས་འཚོའི་བྱ་བ་དངོས་ཁག་གཅིག་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུའི་ཐུགས་རེ་གནང་ཡོད།
        ཚེས་23ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཁྲུང་ཆིང་གྲོང་ཁྱེར་གྲངས་འཛིན་ཅན་གྲོང་ཁྱེར་གཉེར་སྐྱོང་དང་བཅོས་སྐྱོང་ལྟེ་གནས་སུ་རྟོག་ཞིབ་གནང་བར་ཕེབས་ནས། ས་གནས་དེ་གས་གྲོང་ཁྱེར་གྲངས་འཛིན་ཅན་ལ་ཕྱོགས་བསྒྱུར་བྱེད་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་ཆེས་ཆེ་བ་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པར་གསན་གནང་བ་དང་། མ་ལག་བཀོལ་སྤྱོད་འཕེལ་རིམ་གསལ་སྟོན་བྱས་པར་གཟིགས་ཡོད། ཞི་ཅིན་ཕིང་གིས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཡོད་དགོས་ངེས་ཤིག་རེད། གྲངས་འཛིན་གྱི་བྱེད་ནུས་འདོན་སྤྲོད་ཤུགས་ཆེར་གཏོང་བ་དང་། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གྲངས་གཞི་ཆེ་མོའི་སྟེགས་བུ་དང་དྲ་སྦྲེལ་མ་ལག་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་འཛུགས་སྐྱོང་བྱེད་པ་དང་། མཉམ་འབྲེལ་བཀོད་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱ་རྒྱུ་ཤུགས་ཆེར་གཏོང་བ་བརྒྱུད། ལག་བསྟར་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། གྲོང་ཁྱེར་བཅོས་སྐྱོང་བྱ་རྒྱུ་དེ་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་ཅིང་། དང་ཐོག་མར“དུས་རྣམ་ཀུན་ཏུ་སེམས་ཁྲལ་ཆེ་བའི”འགན་འཁྲིའི་བསམ་པ་ཡོད་དགོས་པ་དང་། སྔོན་ཇུས་ཡག་པོ་འདིང་བ་དང་། གནད་འཕིགས་དོ་དམ་ཚོད་འཛིན་བྱེད་པ། མགྱོགས་མྱུར་ལན་ཆ་བྱེད་པ་བཅས་དང་། རིགས་ཁག་གི་དོན་རྐྱེན་རྣམས་ཐག་གཅོད་ནུས་ལྡན་བྱས་ཏེ། གྲོང་ཁྱེར་བདེ་འཇགས་ལྡན་ལ་གོ་རིམ་ཡོད་པའི་སྒོ་ནས་གཉེར་སྐྱོང་ཐུབ་པར་འགན་ལེན་བྱ་དགོས། ཁྱེད་ཚོས་འཚོལ་ཞིབ་ཟམ་མི་ཆད་པར་བྱེད་པ་དང་ཉམས་མྱོང་གསར་པ་གསོག་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
        ཚེས་24ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་ཞུས་པར་གསན་གནང་བ་དང་། ཁྲུང་ཆིང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཡོད།
        ཞི་ཅིན་ཕིང་གིས། ཁྲུང་ཆིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཅུང་ལེགས་པ་དང་ཚན་རིག་སློབ་གསོའི་ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་བསྒྱུར་བཀོད་རིམ་སྤོར་གལ་ཆེན་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་ཕྱོགས་བསྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་འགྲན་རྩོད་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཚན་རྩལ་འགག་སྒྲོལ་གལ་ཆེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རིགས་གསར་པ་དང་། མ་དཔེ་གསར་པ། སྒུལ་ཤུགས་གསར་པ་གསོ་སྐྱོང་ཧུར་ཐག་བཅས་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁྱམས་རའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱལ་ཡོངས་ཀྱི་སྤུས་མཐོའི་གོང་འཕེལ་གྱི་འཕར་སྣེ་གལ་ཆེན་དང་སྒུལ་ཤུགས་འབྱུང་ཁུངས་གསར་པའི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱ་དགོས། སྦགས་མེད་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། མཛེས་སྡུག་ལྡན་པའི་ཁྲུང་ཆིང་འཛུགས་སྐྲུན་བྱེད་པ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་འབྱུང་ཁམས་སྲུང་ཡོལ་གལ་ཆེན་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཁྲུང་ཆིང་གིས་གཞན་གྱི་སྔོན་ལ་བྱེད་ཕོད་པའི་བློ་སྟོབས་ལ་བརྟེན་ནས། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། ཕྱོགས་གཅིག་ནས་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དམ་འཛིན་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་བའི་གཞུང་ཁོངས་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དམངས་གཉེར་དཔལ་འབྱོར་གོང་འཕེལ་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བར་དམ་འཛིན་དང་རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་རང་འགུལ་ངང་ཞུགས་ཤིང་དེར་ཞབས་འདེགས་ཞུ་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་བཅས་མཉམ་འགུལ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱ་དགོས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཁྲུང་ཆིང་ནི་རང་རྒྱལ་གྱི་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་དང་མི་འབོར་གཞི་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་ཆེན་པོ་དེང་རབས་ཅན་དུ་འགྱུར་བའི་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་གི་རིག་ནུས་ལྟེ་བ་འཛུགས་སྐྱོང་བྱེད་པ། “ཕྱོགས་བསྡུས་ཆེན་མོ་གཞི་གཅིག་ཅན”གྱི་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་བཅོས་སྐྱོང་སྔར་བས་རིག་ནུས་དང་ལྡན་པ་དང་། སྔར་བས་ཕན་ནུས་ཆེ་བ། སྔར་བས་གནད་ལ་འཁེལ་བ་བཅས་ཡོང་བ་བྱེད་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ། གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་གཏོང་དགོས། མཉེན་གཤིས་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གནོད་འགོག་གནོད་སེལ་གནོད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཁྲུང་ཆིང་དུ་གྲོང་ཁྱེར་ཆེན་པོ་དང་གྲོང་གསེབ་ཆེན་པོ། རི་ཁུལ་ཆེན་པོ། འབྲུ་མཛོད་ཆེན་པོ་བཅས་གཞི་གཅིག་ཏུ་འདུས་པས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།  རྫོང(ཆུས)གྲོང་གཞི་རྟེན་གལ་ཆེན་དུ་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲོང་ཁྱེར་གྱི་བཟོ་ཚོང་མ་རྩ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་གྲོང་གསེབ་ཏུ་གཏོང་སྤྲོད་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྣེ་ཁྲིད་དང་ཁྲིམས་ལྟར་ཚད་ལྡན་དུ་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱ་རྒྱུར་རོགས་རམ་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ཐད་དམ་འཛིན་ཏན་ཏིག་བྱས་ཏེ། རི་བརྟེན་བབ་བསྟུན་གྱིས་འབྱུང་ཁམས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་དགོས། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། ད་ལྟའི་དུས་རིམ་གྱི་ཞིང་པ་མང་ཚོགས་ལ་དགོས་མཁོ་ཆེ་བ་དང་། དམ་འཛིན་བྱེད་ཐུབ་པ། དམ་འཛིན་བྱས་ནས་ལོ་འགའ་སོང་རྗེས་ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་གཙོ་གནད་དོན་དངོས་ལ་དམ་པོར་དམིགས་ཐོག དོན་དག་རེ་རེ་བཞིན་དུ་དམ་འཛིན་དང་དོན་དག་རེ་རེ་བཞིན་ཐག་གཅོད་ཐུབ་པ་བྱས་ཏེ། ཞིང་པ་མང་ཚོགས་ནས་ཤེས་ཚོར་ཐུབ་པ་དང་ཕན་འབྲས་ཐོབ་པ་བྱེད་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གཞི་ཁྱོན་ཅན་གྱི་དབུལ་ལོག་མི་ཐེབས་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། དངོས་འཛིན་དངོས་སྒྲུབ་དང་ཡར་རྒྱས་བརྩོན་ལེན། འགན་འཁུར་བྱས་རྗེས་འཇོག་ཐུབ་པ་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་ཟབ་སྤེལ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། གཞི་རིམ་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་སྤེལ་བ་དང་། ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་དངོས་སུ་བསྒྱུར་བར་ཁྲིད་སྟོན་བྱེད་དགོས། སྔར་རྒྱུན་བཞིན་རུལ་སུངས་ལ་ངོ་རྒོལ་དང་རུལ་སུངས་ལ་ཆད་གཅོད་བྱེད་པ་དང་། རུལ་སུངས་འབྱུང་སའི་ས་རྒྱུ་དང་ཆ་རྐྱེན་ཟམ་མི་ཆད་པར་རྩ་མེད་བཟོས་ནས། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།
        ལི་ཀན་ཅེ་དང་། ཧོ་ལི་ཧྥེང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།