ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་འཚོགས་པ།

སྤེལ་དུས 2025-04-17 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་4ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧ་ནོ་དབྱི་རུ་ཕེབས་འབྱོར་ཟིན་ནས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། དེ་ཉིན་ཕྱི་དྲོར། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སུའུ་ལིན་གྱི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པ།
  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧ་ནོ་དབྱི་རུ་ཕེབས་འབྱོར་ཟིན་ནས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། དེ་ཉིན་ཕྱི་དྲོར། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།
  ཟླ་བཞི་པའི་ཧ་ནོ་དབྱིར་ལྗོན་ཤིང་ཚོགས་ཀྱི་ལོ་འདབ་རྒྱས་ཤིང་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། ཀྲུའུ་ཞིའི་ལས་ཤག་ཐང་ཆེན་ཐོག་སྐར་ལྔའི་དར་དམར་དང་སྐར་གསེར་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་ཝེ་ཐེ་ནམ་གྱི་ལོ་ཆུང་བྱིས་པ་200ལྷག་ཙམ་གྱིས་དར་ཆ་གཡུག་གཡུག་བྱས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
  ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཕེབས་སྐབས། སུའུ་ལིན་གྱིས་རླངས་འཁོར་ནས་བབས་སར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་དང་ཝེ་ཐེ་ནམ་གྱི་ལོ་ཆུང་བྱིས་པ་ཚོས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་རེད། ཞི་ཅིན་ཕིང་དང་སུའུ་ལིན་མཉམ་དུ་གཟིགས་ཞིབ་སྟེགས་བུར་འཛེགས་གནང་བ་རེད། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་རྟེན་འབྲེལ་མེ་སྒྱོགས་21བརྒྱབ། ཞི་ཅིན་ཕིང་གིས་སུའུ་ལིན་གྱི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། ཏང་གཉིས་པོའི་སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་གཉིས་པོའི་ཕེབས་རོགས་མི་སྣ་དང་ཕྱག་བཏང་ནས་གུས་ལན་ཞུས་རྗེས་མཉམ་དུ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།
  དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་སུའུ་ལིན་མཉམ་དུ་ཞབས་ཐང་མར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གནས་ཡུལ་དུ་གྲོས་མོལ་གནང་བར་ཕེབས་པ་རེད། ལམ་རྒྱུད་དུ་ཝེ་ཐེ་ནམ་གྱི་དམངས་ཚོགས་བརྒྱ་ཕྲག་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དར་ཆ་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་པ་རེད། ཞི་ཅིན་ཕིང་གིས་དགའ་བསུ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་རེད།
  ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་ཞུགས་ཡོད།