རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་23ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་མཇལ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ཡོད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་23ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་གྱི་ཐང་ཆེན་ཐོག་མཛད་སྒོ་འཚོགས་ནས། ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ལི་ཡེ་ཧྥུས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ་རེད།
ཨ་ལི་ཡེ་ཧྥུར་ཀྲུང་གོར་འཚམས་འདྲིར་ཕེབས་རོགས་ཞུ་མཁན་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། ཙུང་ལི་གཞོན་པ། ཕྱི་འབྲེལ་པུའི་པུའུ་ཀྲང་སོགས་ཡོད་པ་རེད།
དམག་དཔུང་རོལ་ཆ་ཚོགས་པས་ཨ་ཟེར་བྷེ་ཇེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཞིང་། གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད།
ཨ་ལི་ཡེ་ཧྥུས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་ཡོད།
ཨ་ལི་ཡེ་ཧྥུ་ནི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་རེད།
དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ཡོད།
ཞི་ཅིན་ཕིང་གིས། བློ་ཁ་མཐུན་ན་རི་དང་རྒྱ་མཚོས་ཆོད་ཀྱང་ཐག་མི་རིང་། མ་གཞི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་དབར་གྱི་འབྲེལ་བ་ནི་ལེ་དབར་ཁྲི་སྟོང་གིས་ཆོད་ཀྱང་ཐུན་མོང་ངོས་འཛིན་གཅིག་མཐུན་ཡིན་ཞིང་། དུས་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་བརྟན་དུ་འགྲོ་བཞིན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས། ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་མཐའ་འཁྱོངས་བྱས་ཏེ། འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ཐོག་ནས་ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་གི་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་རོགས་ལས་དམ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་གྱི་ཕྱོགས་ཡོངས་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་པ་དང་། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དར་རྒྱས་ལ་རམས་འདེགས་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བའི་བསྐྲུན་པ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་ཟེར་བྷེ་ཇེན་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ་འཐབ་ཇུས་རོགས་ཟླ་ཡིན་པའི་དགོས་ངེས་ཀྱི་འོས་འགན་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇེན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་བྱས་ཏེ་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་ཐོག་མུ་མཐུད་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨ་ཟེར་བྷེ་ཇེན་ཕྱོགས་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་སྤེལ་ནས། སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་འདོད་ཡོད། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད། རྩེ་རིམ་ཇུས་འགོད་ལེགས་འགྱུར་བྱེད་པ་དང་། གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བཅས་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གཏིང་ཟབ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་དགོས། སློབ་གསོ་དང་། རིག་གནས། ཡུལ་སྐོར། གཞོན་ནུ། ས་གནས་སོགས་ཀྱི་མཉམ་ལས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས། དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མཛའ་བཤེས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སྒོ་ཁྲལ་དམག་འཐབ་དང་ཉོ་ཚོང་དམག་འཐབ་ཀྱིས་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་ཞིར་གཏོར་བཤིག་གཏོང་བ། འཛམ་གླིང་དཔལ་འབྱོར་སྒྲིག་ལམ་ལ་བརྡབ་གསིག་བཟོ་ཡི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་རྩ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ནས། རང་ངོས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
ཨ་ལི་ཡེ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་བྱུང་བ་དང་། རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། འཛམ་གླིང་འདི་ཉིད་མ་གཞི་ལོ་བརྒྱའི་འཕོ་འགྱུར་ཁྲོད་གནས་མོད། འོན་ཀྱང་ཨ་ཟེར་བྷེ་ཇན་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱས་པས། མཉམ་ལས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། དཔལ་འབྱོར་ཉོ་ཚོང་འབྲེལ་བ་གོང་འཕེལ་མྱུར་པོ་བྱུང་བ། ས་གནས་ཀྱི་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ། མཉམ་འབྲེལ་མཉམ་མཐུད་ལ་གོང་འཕེལ་མྱུར་པོ་བྱུང་ཡོད། ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ས་ཆའི་ཁ་འབྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པ་མཐའ་འཁྱོངས་བྱེད་པ། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་ཆེད་བྱས་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱིས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ལ་ཕན་ཐོགས་ཡོད་པས། ཨ་ཟེར་བྷེ་ཇན་གྱིས་དེར་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཧུར་ཐག་བྱེད་བཞིན་ཡོད། ཨ་ཟེར་བྷེ་ཇན་གྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཐོག རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ནུས་ཁུངས། ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། སྲིད་ཏང་དང་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ཀྱི་རོགས་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རིམ་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།
མཇལ་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག《ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ཁྲིམས་འཛིན། ལྗང་མདོག་གོང་འཕེལ། གྲངས་འཛིན་དཔལ་འབྱོར། ཤེས་བྱའི་ཐོན་དབང་། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལ་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨ་ལི་ཡེ་ཧྥུ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།