ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

སྤུས་ཚད་མཐོ་པོས་རྒྱ་མཚོའི་དཔལ་འབྱོར་གོང་འཕེལ་གཏོང་བཞིན་པ།

སྤེལ་དུས 2025-07-09 ཡོང་ཁུངས། རྩོམ་པ་པོ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱ་མཚོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱ་མཚོར་ཕྱོགས་ནས་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་ནན་སྟོན་གནང་ཡོད།
     2024ལོར། རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་གྱི་སྤྱི་འབོར་ཐེངས་དང་པོར་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་ཡོད། ད་ལོ་ཤར་ཚུན། རྒྱ་མཚོའི་ཐོན་ལས་གོང་འཕེལ་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་གྲུབ་སྟེ། རྒྱ་མཚོའི་དཔལ་འབྱོར་ལས་གོང་འཕེལ་ཤུགས་ཆེན་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།
     ཤར་རྒྱ་མཚོའི་མཚོ་འགྲམ་དུ། རྒྱལ་ནང་དུ་ཐེངས་དང་པོར་རང་བརྟེན་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་16000TEU ཚད་གཞིའི་ཁྲུན་ཀ་པའི་འབར་རྒྱུ་གཉིས་ལྡན་གྱི་དོས་སྒམ་གྲུ་གཟིངས“ཀྲུང་ཡོན་མཚོ་འགྲུལ་ཡང་ཕུའུ”རྟགས་ཅན་གྱི་གྲུ་གཟེངས་དེ་ཟླ་6ཚེས་20ཉིན་ཧྲང་ཧའེ་ཁྲང་ཞིང་གླིང་ཕྲན་དུ་རྩིས་སྤྲོད་རྩིས་ལེན་བྱས་པས། ཁྲུན་ཀ་པའི་འབར་རྒྱུ་གཉིས་ལྡན་གྱི་གྲུ་གཟིངས་བཟོ་སྐྲུན་ཁྱབ་ཁོངས་ཀྱི“རྒྱལ་ནང་གྲུ་བདག་གི་མངགས་ཐོ་ཐོག་མ་དང་། རྒྱལ་ནང་གྲུ་གཟིངས་བཟོ་གྲྭས་རྩིས་སྤྲོད་བྱས་པའི་གྲུ་གཟིངས་ཐོག་མ། རྒྱལ་ཐོན་ཁྲུན་ཀ་པའི་འཕྲུལ་ཆས་ཨ་མ་གྲུ་གཟིངས་དངོས་ནང་ཐེངས་དང་པོར་སྤྱོད་པ”བཅས་ལོ་རྒྱུས་རང་བཞིན་གྱི་འགག་གཏོར་གསུམ་བྱུང་ཡོད། དབྱང་ཀྲོའུ་ཀྲུང་ཡོན་མཚོ་འགྲུལ་གྱི་ལྕི་བའི་བཟོ་ལས་སྒྲིག་ཆས་སྒྲིག་སྦྱོར་པུའི་མཐོ་རིམ་འགན་ཁུར་བ་གཙོ་བོ་ཝང་ཞའོ་ཧུའུ་ཡིས། ལག་རྩལ་གསར་པ་མང་དག་ཅིག་སྤྱད་ཡོད་པ་དང་། སྦགས་མེད་ཐཱན་ཉུང་གི་སྟོན་གྲངས་ཐད་ལ་ཡང་ལས་རིགས་ཀྱི་ཟིན་ཐོ་མང་པོ་ཞིག་བཏོད་ཡོད་ཅིང་། གྲུ་གཟིངས་གཅིག་གིས་ལོ་རེར་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་12ཙམ་འབུད་བཤངས་ཉུང་དུ་གཏོང་ཐུབ། དེ་ནི་སྡོང་རྐང་ཁྲི་670འདེབས་འཛུགས་བྱེད་པའི་ཐཱན་འདུས་ནུས་འབྲས་དང་འདྲ་མཚུངས་རེད་ཅེས་གསུངས་ཡོད།
     ཧའེ་ནན་ཡ་ཁྲེང་མཚོ་ཁོངས་སུ། “མཚོ་གཏིང་དང་པོ་རྟགས་ཅན”གྱི་དུས་མཚམས་གཉིས་པའི་རྣམ་གྲངས་དེ་ཟླ་6ཚེས་25ཉིན་ཁྱོན་ཡོངས་ནས་ལས་གཉེར་བྱེད་འགོ་ཚུགས་ཡོད། དེའི་ཐོག་ནས“མཚོ་གཏིང་དང་པོ་རྟགས་ཅན”གྱི་རླངས་ཞིང་ཆེན་པོའི་ཆུ་འོག་རླངས་ཁྲོན་23ཚང་མ་ལས་གཉེར་བྱེད་འགོ་ཚུགས་པ་མཚོན་ཡོད་ཅིང་། ཉིན་རེར་ཐོན་ནུས་མཐོ་ཤོས་ཀྱི་སྐབས་སུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1500ཟིན་ཏེ། རྒྱལ་ནང་དུ་ཐོན་ནུས་མཐོ་ཤོས་ཀྱི་མཚོ་ཐོག་རླངས་ཞིང་ཆེ་ཤོས་དེར་གྱུར་ཡོད། མཚོ་སྣུམ་ལས་གྲྭའི་རྣམ་གྲངས་ཡན་ལག་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཞུའེ་ཧྲེ་ཧུའེ་ཡིས། “ཐོན་སློབ་ཞིབ”གསུམ་ཟུང་འབྲེལ་དང་རང་བརྟེན་ལག་རྩལ་འགག་གཏོར་ལ་བརྟེན་ནས། རྨང་གཞིའི་རིགས་གཞུང་ནས་ཇུས་འགོད་དང་བཟོ་སྐྲུན། སྒྲིག་སྦྱོར། ཚོད་ལྟ་བཅས་ཀྱི་བར་ཆ་ཕྱོགས་ཡོངས་ཀྱི་གོང་འཕེལ་བྱུང་བ་དང་། སྣུམ་ཞིང་མི་འདྲ་བ་དང་མཚོ་ཁོངས་མི་འདྲ་བར་གཞིགས་ནས་རྣམ་པ་མི་འདྲ་བའི་ཆུ་གཏིང་གི་སྣུམ་རླངས་སྒྲིག་ཆས་རང་བརྟེན་བཟོ་སྐྲུན་བྱེད་པའི་ནུས་པ་ལྡན་ཡོད་ཅེས་གསུངས་ཡོད།
     ཚན་རྩལ་གྱིས་ནུས་པ་སྤྲད་པས། རྒྱ་མཚོའི་གསར་དར་ཐོན་ལས་ཕྱོགས་མང་པོ་ནས་ལེགས་སུ་ཕྱིན་ཡོད། རྒྱ་མཚོའི་སྣུམ་རླངས་དང་མཚོ་ཐོག་རླུང་གློག་སོགས་རྣམ་པ་གསར་པའི་བཟོ་ལས་སྒྲིག་ཆས་བཟོ་སྐྲུན་ལ་འཕེལ་རིམ་གསར་པ་ཐོན་པ་དང་། རྒྱ་མཚོའི་སྨན་རྫས་དང་སྐྱེ་དངོས་བཟོ་སྐྲུན་ལས་རིགས་ལ་ཡང་འགག་གཏོར་ཟམ་མི་ཆད་པ་བྱུང་བ་སོགས་རྒྱ་མཚོའི་ཐོན་ཁུངས་མང་པོ་ཞིག་གོང་འཕེལ་གྱི་སྒུལ་ནུས་སུ་སྒྱུར་བཞིན་ཡོད།
     ཀྲེ་ཅང་ཀྲོའུ་ཧྲན་མཚོ་ཁོངས་སུ། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་LHDཀྲའོ་ཝ་རིམ་པའི་མཚོ་རླབས་འགུལ་ནུས་ལྡན་པའི“འབད་འཐབ་རྟགས་ཅན”གྱི་གློག་གཏོང་འཕྲུལ་ཆས་སྡེ་པ་བརྟན་པོའི་ངང་འཁོར་རྒྱུག་བྱེད་བཞིན་ཡོད། ཧང་ཀྲོའུ་ལིན་ཏུང་ནུས་རྒྱུ་གསར་པ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་འདོམས་གཞོན་པ་ཁྲེན་ལི་ཡིས། རྣམ་གྲངས་ཀྱིས“སྟེགས་བུའི་རྣམ་པ་+དཔེ་དུམ་ཅན”གྱི་ལག་རྩལ་ཐབས་ལམ་སྤྱད་ཡོད་ཅིང་། དེས་རྒྱ་མཚོའི་རླབས་རྒྱུན་བཀོལ་སྤྱོད་བྱེད་ཚད་དང་བརྟན་ལྷིང་རང་བཞིན་མཐོ་རུ་ནུས་ལྡན་གཏོང་ཐུབ་ཀྱི་ཡོད་པས། ཀྲའོ་ཝ་རིམ་པས་རྩོལ་ཕྱོད་ཆེ་ཞིང་བརྟན་པོའི་ངང་དྲ་སྦྲེལ་གློག་གཏོང་བྱ་རྒྱུ་སྔོན་ལ་མངོན་འགྱུར་བྱུང་ཡོད།
     མཚོ་རླབས་འགུལ་ནུས་ཚུད་པའི་རྒྱ་མཚོའི་ནུས་པ་ནི་འབྱུང་འཕྲོད་སླར་སྐྱེས་རུང་བའི་ནུས་རྒྱུ་གལ་ཆེན་ཞིག་ཡིན། མིག་སྔར། རང་རྒྱལ་གྱི་རྒྱ་མཚོའི་ནུས་པ་གསར་སྤེལ་བེད་སྤྱོད་ཁྱབ་ཁོངས་ཀྱི་ལག་རྩལ་གསར་གཏོད་སྟོབས་ཤུགས་དེ་འཛམ་གླིང་གི་བང་གྲལ་དང་པོའི་གྲས་སུ་སླེབས་ཡོད་པ་དང་། རྒྱ་མཚོའི་ནུས་པ་གཞི་ཁྱོན་ཅན་གྱིས་བེད་སྤྱོད་བྱ་རྒྱུར་དམིགས་ནས། རྒྱ་མཚོའི་ནུས་པའི་ལག་རྩལ་གསར་པ་དང་རྣམ་པ་གསར་པ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། རང་བྱུང་ཐོན་ཁུངས་པུའུ་རྒྱ་མཚོའི་འཐབ་ཇུས་འཆར་འགོད་དང་དཔལ་འབྱོར་སིའི་སི་ཀྲང་ཀུའུ་ཝུའུ་ཡིས། རྒྱ་མཚོའི་ནུས་པ་དང་རིགས་ཁག་གི་མཚོ་ཐོག་ཐོན་སྐྱེད་བྱེད་སྒོ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་ནུས་པ་བཀོལ་སྤྱོད་ཀྱི་རྣམ་པ་རྒྱ་སྐྱེད་གཏོང་བ། རྒྱ་མཚོའི་ནུས་པ་གསར་སྤེལ་བེད་སྤྱོད་ཀྱི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་མཚོ་ཐོག་གི་ནུས་ཁུངས་མ་ལག་གསར་པ་ཧུར་བརྩོན་ཆེན་པོས་བསྐྲུན་དགོས་ཞེས་གསུངས་ཡོད།
     རྒྱ་མཚོ་ནས་ཐོན་སྐྱེད་ནུས་ཤུགས་ལེན་པ་དང་འཕར་སྣེ་གསར་པ་འཚོལ་ཞིབ་བྱེད་དགོས། ས་གནས་ཁག་གིས་ད་དུང་སྐམ་མཚོ་གཅིག་གྱུར་འཆར་འགོད་དང་། རི་མཚོ་མཉམ་འགྲུལ། ཐོན་ཁུངས་མཉམ་འདྲེས་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་མཚོ་གསར་སྤེལ་ལས་དོན་ལ་དམ་འཛིན་བྱས་ཏེ། རྒྱ་མཚོའི་ཞིང་ཆེན་སྟོབས་ཆེན་སྐྲུན་བཞིན་ཡོད། ཟླ་6པའི་ཚེས་ཤར་ལ། རྒྱལ་ཡོངས་ཀྱི་རྒྱ་མཚོའི་མཐིང་མདོག་གི་དངུལ་རྩའི་སྟེགས་བུ་ཐོག་མ་དེ་ཅང་སུའུ་རུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ། རྒྱ་མཚོ་དང་འབྲེལ་བ་ཡོད་པའི་ཁེ་ལས་འཕེལ་རྒྱས་གཏོང་བའི་དཀའ་གནད་དང་འགག་གནད་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། ཅང་སུའུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་རྒྱ་མཚོ་འཆར་འགོད་དང་དཔལ་འབྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཅུན་པའེ་ཡིས། སྟེགས་བུའི་ཐོག་ཕྱོགས་བསྡུས་བྱས་པའི་མཐིང་མདོག་དངུལ་བུན་དང་མཐིང་མདོག་འགན་བཅོལ་སོགས་ཁྱད་ལྡན་དངུལ་རྩའི་ཐོན་རྫས་ཀྱིས་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་སྔར་བས་བདེ་བླག་ཡོང་བར་མཐུན་རྐྱེན་བསྐྲུན་ཡོད། སྟེགས་བུའི་ཐོག་སྤེལ་བའི་རྒྱ་མཚོའི་ཚན་རྩལ་གྲུབ་འབྲས་དང་ལག་རྩལ་གྱི་དགོས་མཁོས་ལག་རྩལ་ལ་ཁྲོམ་ར་འཚོལ་རོགས་བྱས་ནས། གྲུབ་འབྲས་བརྗེ་སྒྱུར་ལ་ཕན་འབྲས་སྔར་བས་ཆེ་བ་ཐོན་པ་བྱེད་བཞིན་ཡོད་པ་དང་། ཅང་སུའུ་ཡི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་མཐིང་མདོག་གི་སྒུལ་ཤུགས་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད།
     རྒྱ་མཚོའི་དཔལ་འབྱོར་གྱི་སྤྱི་འབོར་ལོ་30བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པའི་ཀོང་ཏུང་གིས་རྒྱ་མཚོའི་ཞིང་ཆེན་ཆེན་པོ་ནས་རྒྱ་མཚོའི་ཞིང་ཆེན་སྟོབས་ཆེན་ཕྱོགས་སུ་མཆོང་བརྒལ་བྱེད་བཞིན་ཡོད་པ་དང་། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་རྒྱ་མཚོའི་ཞིང་ཆེན་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་ཁྲིད་དང་དེང་རབས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་ས་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད། ཀོང་ཏུང་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཝུའེ་ཡིས། ང་ཚོས་ཁྱད་ཆོས་མངོན་གསལ་དོད་པའི་རྒྱ་མཚོའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན། གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བ་དང་། འབྱུང་འགྱུར་ཐོན་ལས་གཅིག་ལ་གཅིག་འགྲན་གྱིས་ཐོན་པ། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་བཅས་ཀྱི་སྐས་རིམ་རྣམ་པ་མགྱོགས་མྱུར་ཆགས་པ་བྱས་ཏེ། “མཚོ་ཐོག་གི་ཀོང་ཏུང་གསར་པ”གཏོད་རྒྱུ་ཡིན་ཞེས་གསུངས་འདུག
     གསར་དར་རྒྱ་མཚོའི་ཐོན་ལས་ཕྱོགས་མང་གསར་གཏོད་འཕེལ་རྒྱས་བྱུང་བ་དང་། མཚོ་གཏིང་ཚན་རྩལ་ལ་འགག་གཏོར་ཟམ་མི་ཆད་པ་བྱུང་བ། ཆུ་དང་རྒྱ་མཚོ་དང་ཉེ་བར་བཅར་བའི་རྒྱ་མཚོའི་ཡུལ་སྐོར་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་སོགས་རང་བྱུང་ཐོན་ཁུངས་པུས་ཁྱབ་བསྒྲགས་བྱས་པའི《2025ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་གྱི་འཕེལ་རྒྱས་སྟོན་གྲངས》ལས་མངོན་པར། རང་རྒྱལ་གྱི་རྒྱ་མཚོའི་ཐོན་ལས་གྲུབ་གཞི་སྔར་བས་ལེགས་སུ་ཕྱིན་པ་དང་། ཚན་རྩལ་གསར་གཏོད་ནུས་པ་རྒྱུན་མཐུད་ངང་ཇེ་མཐོར་ཕྱིན་ཏེ། གསར་དུ་ཐོན་པའི་མཐིང་མདོག་གི་སྒུལ་ནུས་གསར་པ་དེ་ཉིད་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་ཀྲོང་ཧྲའོ་ཆིན་གྱིས། སྐམ་མཚོ་གཅིག་གྱུར་འཆར་འགོད་ཀྱི་བླང་བྱ་གཞིར་བཟུང་འབྱུང་འགྱུར་གྱི་བར་ཁམས་འཆར་འགོད་དང་སྡེ་ཚན་གསར་པ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དེང་རབས་ཀྱི་རྒྱ་མཚོའི་མ་ལག་དང་རྒྱ་མཚོའི་ཐོན་ལས་མ་ལག་སྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱ་མཚོའི་ཁྱབ་ཁོངས་ཀྱི་ཐོན་ལས་གསར་པ་དང་། ལས་སྒོ་གསར་པ། རྣམ་པ་གསར་པ་བཅས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ། རྒྱ་མཚོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས་ཞེས་གསུངས་འདུག