ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།

སྤེལ་དུས 2025-10-14 ཡོང་ཁུངས། རྩོམ་པ་པོ།
  ཟླ་10ཚེས་13ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། བརྗོད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་ཡོད།
  འབྲས་ལྡན་སྟོན་གྱི་དུས་འདིར་ནམ་མཁའ་སྔོ་ཞིང་དྭངས། རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་རའི་ནང་རྒྱལ་ཁབ་ཁག་གི་རྒྱལ་དར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་ལས་བརྗིད་ཉམས་ལྡན་པའི་རྣམ་པ་ཞིག་གྲུབ་ཡོད།
  ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཚོགས་ཞུགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་སྟངས་དཔྱལ་བར་མཛའ་བརྩེའི་ཕྱག་གཏོང་རེས་གནང་བ་དང་འབྲེལ་དྲན་བརྟེན་སྐུ་པར་བསྐྱོན་ཡོད།
  སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་འགོ་བརྗོད་དུ《པེ་ཅིང་འཛམ་གླིང་བུད་མེད་དབུ་ཚོགས་ཀྱི་དགོངས་དོན་དར་སྤེལ་བཏང་ནས། བུད་མེད་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བའི་འཕེལ་རིམ་གསར་པ་མགྱོགས་སུ་གཏོང་དགོས》ཞེས་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།
  ཞི་ཅིན་ཕིང་གིས། བུད་མེད་ནི་མིའི་རིགས་ཀྱི་ཤེས་དཔལ་གསར་གཏོད་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། རྒྱུན་འཛིན་བྱེད་མཁན་བཅས་གལ་ཆེན་ཞིག་ཡིན་པས། བུད་མེད་ཀྱི་བྱ་གཞག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ལོ་30ཡི་གོང་། པེ་ཅིང་འཛམ་གླིང་བུད་མེད་དབུ་ཚོགས་ཐོག“བྱ་སྤྱོད་ལ་བརྟེན་ནས་འདྲ་མཉམ་དང་། གོང་འཕེལ། ཞི་བདེ་བཅས་བརྩོན་ལེན་བྱེད་པའི”བླ་ན་མེད་པའི་དམིགས་འབེན་གཏན་འཁེལ་བྱས་པ་དང་། ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི《པེ་ཅིང་བསྒྲགས་གཏམ》དང་《བྱ་སྤྱོད་རྩ་འཛིན》ལ་གྲོས་འཆམ་བྱུང་ནས། ཕོ་མོ་འདྲ་མཉམ་དེ་དུས་རབས་ཀྱི་གྲོས་རིམ་ནང་བཅུག་ཐོག འཛམ་གླིང་ཡོངས་ཀྱི་མི་རྣམས་ནས་དེའི་ཆེད་དུ་མུ་མཐུད་འབད་འཐབ་བྱེད་པར་སྐུལ་ལྕག་བྱས་ཡོད། ལོ་30ཡི་རིང་། པེ་ཅིང་འཛམ་གླིང་བུད་མེད་དབུ་ཚོགས་དགོངས་དོན་གྱི་མཛུབ་ཁྲིད་འོག གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བར་བཀྲག་མདངས་གསར་པ་བསྣན་ཡོད། ཕོ་མོ་འདྲ་མཉམ་ཡོང་བ་བྱ་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བཞེད་མཐུན་ཞིག་ཡིན་པ་དང་། བུད་མེད་ལ་དབང་ཆ་སྤྲོད་རྒྱུར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ། བུད་མེད་ལ་སློབ་གསོ་ཐོབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་བྱུང་སྟེ། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་བཅས་ཀྱི་ཁྲོད་ནུས་པ་དེ་བས་གལ་འགངས་ཆེ་བ་འདོན་སྤེལ་ཐུབ་ཅིང་། ཕུལ་དུ་བྱུང་བའི་བུད་མེད་མང་པོ་ཞིག་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་དེ་ངོ་མཚར་ཆེ་བའི་མི་ཚེའི་བཀྲགས་མདངས་ངོམས་པ་དང་རང་གི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བསྟན་གནང་ཡོད།
  ཞི་ཅིན་ཕིང་གིས། མིག་སྔར། བུད་མེད་ཀྱི་ཁྱོན་ཡོངས་གོང་འཕེལ་ལ་སྔར་བཞིན་རྙོག་འཛིང་ཆེ་བའི་འགྲན་སློང་འཕྲད་བཞིན་ཡོད་པས། ཕོ་མོ་འདྲ་མཉམ་མངོན་འགྱུར་ཡོང་བ་བྱེད་པའི་ལས་འགན་ལྕི་ཞིང་ལམ་ཐག་རིང་པོ་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཕྱོགས་ཁག་གིས་པེ་ཅིང་འཛམ་གླིང་བུད་མེད་དབུ་ཚོགས་ཀྱི་ཐོག་མའི་བསམ་འདུན་ལ་བསྐྱར་དྲན་བྱས་ཏེ། བུད་མེད་ཀྱི་ཁྱོན་ཡོངས་གོང་འཕེལ་གྱི་འཕེལ་རིམ་གསར་པ་མགྱོགས་སུ་གཏོང་ཆེད་དེ་བས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། དེ་བས་རྒྱ་ཆེ་བའི་བགྲོད་ལམ་གཏོད་པ། དེ་བས་དངོས་སྒྲུབ་ཀྱི་བྱ་སྤྱོད་སྤེལ་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད། དེའི་ཐད་ཞི་ཅིན་ཕིང་གིས་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ།
  གཅིག་ནས། ཐུན་མོང་ཐོག་བུད་མེད་འཚར་ལོངས་དང་གོང་འཕེལ་ཡོང་བར་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་རུང་བ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཞི་བདེར་སྲུང་སྐྱོང་བྱ་དགོས། དམག་འཁྲུག་གི་གདོང་ཐུག་དང་དབུལ་ཕོངས་ཀྱི་གནོད་འཚེ་ཕོག་ཁུལ་གྱི་བུད་མེད་དང་བྱིས་པ་བུ་མོར་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། བུད་མེད་ལ་དམིགས་པའི་དྲག་ཤུགས་ཀྱི་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།
  གཉིས་ནས། བུད་མེད་ཀྱི་བྱ་གཞག་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཐུན་མོང་ཐོག་སྐྱེད་སྲིང་བྱ་དགོས། གོ་ལ་ཧྲིལ་པོའི་བུད་མེད་ཀྱི་གོང་འཕེལ་དོ་སྙོམས་མེད་པ་དང་མི་འདང་བའི་ཆ་ཡོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། བུད་མེད་ཡོངས་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གྲུབ་འབྲས་མཉམ་དུ་ཡོངས་སྤྱོད་ཐུབ་པ་བྱ་དགོས། ཚན་རྩལ་གསར་གཏོད་ཀྱིས་བུད་མེད་བྱ་གཞག་གི་སྤུས་མཐོའི་གོང་འཕེལ་ལ་ནུས་པ་བསྩལ་ནས། རྒྱ་ཆེའི་བུད་མེད་རྣམས་འཛམ་གླིང་དེང་རབས་ཅན་གྱི་རླབས་རྒྱུན་ཁྲོད་རང་ཉིད་ཀྱི་མི་ཚེའི་བཀྲག་མདངས་ངོམས་པ་དང་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་དགོས།
  གསུམ་ནས། བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་བཅོས་སྐྱོང་རྣམ་པ་ཐུན་མོང་ཐོག་འཛུགས་དགོས། ལམ་ལུགས་དང་བཅའ་ཁྲིམས་འཐུས་ཚང་དུ་བཏང་ནས། སྤུས་ལེགས་ཀྱི་བདེ་ཐང་དང་སློབ་གསོའི་ཐོན་ཁུངས་དེ་བས་མང་བས་བུད་མེད་ཚང་མར་ཕན་པ་ཐོབ་པ་དང་། རྒྱ་ཆེའི་བུད་མེད་རྣམས་ལ་སྔར་བས་ཁྱོན་ཡོངས་དང་འདྲ་མཉམ་སྒོ་ནས་ཁེ་དབང་ཁག་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་དགོས། ཁོང་ཡངས་དང་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས་བུད་མེད་རྣམས་སྲིད་ཞུགས་སྲིད་གླེང་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། བུད་མེད་རྣམས་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ནང་རྒྱ་ཁྱབ་ངང་ཞུགས་པར་རྒྱབ་སྐྱོར་བྱེད་པ་བཅས་ཀྱིས། ཕོ་མོ་འདྲ་མཉམ་དེ་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་གྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་ཚད་གཞིར་དངོས་སུ་འགྱུར་བ་བྱ་དགོས།
  བཞི་ནས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བུད་མེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་རྐྱང་ཞིག་རྩོམ་དགོས། བུད་མེད་ཀྱིས་དུས་རབས་ཀྱི་འགན་འཁྲི་འཁུར་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་གཏིང་ཟབ་ངང་ཞུགས་པ། བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བཅས་བྱེད་པར་རྒྱབ་སྐྱོར་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཀྱི་དགོས་མཁོར་དོ་ཁུར་དེ་བས་མང་བ་བྱས་ནས། རྒྱལ་ཁབ་ཁག་གི་བུད་མེད་ལ་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་པ་དང་། མཛེས་ལྡན་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།
  ཞི་ཅིན་ཕིང་གིས། ཀྲུང་གོས་བུད་མེད་ཀྱི་བྱ་གཞག་དེ་ཉིད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བརྗིད་ཆེའི་ལག་ལེན་ནང་མཉམ་འདྲེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། བུད་མེད་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྲོད་ཀྲུང་གོའི་བུད་མེད་ཀྱིས“གནམ་ཕྱེད་ཀ་འདེགས་ཐུབ་པའི”ནུས་པ་དངོས་སུ་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོས་རང་ངོས་གོང་འཕེལ་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་ལ་གོ་སྐབས་དང་འགན་ལེན་ཧུར་ཐག་བྱས་ནས། རྒྱལ་སྤྱིའི་བུད་མེད་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད། འབྱུང་འགྱུར་ལོ་ལྔའི་ནང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་ལ་སླར་ཡང་ཨ་སྒོར་ཁྲི་1000ཞལ་འདེབས་རྒྱག་རྒྱུ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཐེབས་རྩ་ཨ་སྒོར་དུང་ཕྱུར་གཅིག་མཁོ་འདོན་བྱ་རྒྱུ། རྒྱལ་སྤྱིའི་སྒྲིག་འཛུགས་དང་མཉམ་ལས་བྱས་ཏེ། བུད་མེད་དང་བྱིས་པ་བུ་མོའི་གོང་འཕེལ་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུ། དམངས་འཚོ་གོང་འཕེལ་གྱི་ཁྱབ་ཁོངས་སུ“ཆུང་ལ་མཛེས་པའི”རྣམ་གྲངས་1000ལ་རོགས་སྐྱོར་བྱ་རྒྱུ། བུད་མེད་ཁྲི་ལྔ་ཀྲུང་གོར་སྤེལ་རེས་དང་ཞིབ་འཇུག་ཟབ་སྦྱོང་བྱེད་པར་གདན་ཞུ་བྱ་རྒྱུ། “གོ་ལ་ཧྲིལ་པོའི་བུད་མེད་ཀྱི་ནུས་པ་འཛུགས་སྐྱོང་ལྟེ་གནས”བཙུགས་ནས། ཕུལ་བྱུང་གི་བུད་མེད་ཤེས་ལྡན་མི་སྣ་དེ་བས་མང་བ་མཉམ་དུ་གསོ་སྐྱོང་བྱ་རྒྱུ་བཅས་ཡིན་ཞེས་བསྟན་གནང་ཡོད།
  ཞི་ཅིན་ཕིང་གིས་མཇུག་ཏུ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་པེ་ཅིང་གི་འཛམ་གླིང་བུད་མེད་དབུ་ཚོགས་ཀྱི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་འབེན་ཕྱོགས་སུ་སྐྱོད་དེ་བུད་མེད་ཁྱོན་ཡོངས་ནས་གོང་འཕེལ་གཏོང་བའི་འཕེལ་རིམ་གསར་པ་ཇེ་མགྱོགས་སུ་གཏོང་བ་དང་། མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
  འཁྱགས་གླིང་གི་ཙུང་ཐུང་ཐུའོ་མ་སི་ཏུའོ་ཏིའར་དང་། ཏོ་སྨི་ཉི་ཁེའི་ཙུང་ཐུང་པོ་ཏུན། ཀག་ན་གྱི་ཙུང་ཐུང་མ་ཧ་མ། མོ་ཙམ་པི་ཁེའི་ཙུང་ལི་ལའེ་ཝེ། སི་རི་ལན་ཁའི་ཙུང་ལི་ཨ་མ་ལ་སུའུ་ལི་ཡ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ནཱ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་བུད་མེད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་གཅིག་ལྕོགས་པ་ཧུའུ་སི་བཅས་ཀྱིས་ཁག་སོ་སོར་ཤིས་ཚིག་གསུང་གནང་ཡོད། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་གཙོ་གཉེར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་གྲོས་འགོ་དང་བྱེད་ཐབས་བཏོན་པར་དགའ་བསུ་ཞུས་གནང་ཡོད། ཕྱོགས་ཁག་གིས། ལོ་30ཡི་གོང་། པེ་ཅིང་གི་འཛམ་གླིང་བུད་མེད་དབུ་ཚོགས་ཐོག་གྲོས་འཆམ་བྱུང་བའི《པེ་ཅིང་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད་ཅིང་། གང་དེ་ནི་བུད་མེད་ཀྱི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འཆར་འགོད་རི་མོ་ཞིག་རེད། ཀྲུང་གོར་དབུལ་ཕོངས་ལས་སྒྲོལ་བ་དང་། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། བུད་མེད་ཀྱི་ཁེ་དབང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་ཅིང་། རང་ངོས་ཀྱི་བུད་མེད་བྱ་གཞག་གོང་འཕེལ་གཏོང་རྒྱུ་ལེགས་འགྲུབ་བྱུང་བ་དང་ཆབས་ཅིག འགན་འཁྲི་འཁུར་སེམས་ཆེན་པོ་དང་སྟོབས་ཆེའི་འགོ་ཁྲིད་ནུས་པར་བརྟེན་ནས་འཛམ་གླིང་གི་བུད་མེད་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། བུད་མེད་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་དང་སྤྱི་ཚོགས་ཡར་ཐོན་ཁྲོད་གཞན་གྱིས་ཚབ་བྱ་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ཅིང་། ཕོ་མོ་འདྲ་མཉམ་དང་བུད་མེད་གོང་འཕེལ་གཏོང་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་འགྲོ་བའི་འགག་རྩའི་རྒྱུ་རྐྱེན་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་དེ་འགོ་འཛུགས་ས་གསར་པར་བྱས་ཐོག པེ་ཅིང་གི་འཛམ་གླིང་བུད་མེད་དབུ་ཚོགས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཉམ་ལས་གཏིང་ཟབ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་ལ་གོང་འཕེལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
  ཉིན་དེའི་ཉིན་གུང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་དབུ་ཚོགས་ལ་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
  ཚའེ་ཆི་དང་། ཝང་དབྱི། དབྱིན་ལི། ཐའེ་ཉིང་། ཧྲེན་ཡུའེ་ཡུའེ་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།
  ཧྲེན་དབྱི་ཆིན་གྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་ཡོད།