(2025ལོའི་ཟླ་10ཚེས་23ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གཏན་འབེབས་བྱ་རྒྱུར་གཤམ་གསལ་གྲོས་གཞི་འདོན་རྒྱུ་ཡིན།
གཅིག “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན།
(1) “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་སུ་རང་རྒྱལ་འཕེལ་རྒྱས་ཀྱི་བརྒྱུད་ལམ་ནི་ཤིན་ཏུ་རྒྱུན་ལྡན་མིན་པ་དང་ཤིན་ཏུ་སྤྱིར་བཏང་མིན་པ་ཞིག་རེད། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྡུག་གདོང་བསུ་དང་འབད་འབུངས་མདུན་སྐྱོད་བྱས་ཤིང་། དུས་རབས་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་གྱི་ཉམས་སད་ཐེག་པ་དང་། ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པར་ཁ་གཏད་ནུས་ལྡན་འཇལ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་འཐོབ་པར་སྐུལ་འདེད་བཏང་ཡོད། དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་གོང་འཕེལ་བྱུང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་སྔར་བས་སྐུལ་འདེད་བཏང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནུས་ལྡན་ངང་ལག་ལེན་བསྟར་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་བསམ་པའི་རིག་གནས་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་པ། དམངས་འཚོ་འགན་སྲུང་བརྟན་པོ་ཏན་ཏིག་བྱུང་བ་དང་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ། ལྗང་མདོག་ཐཱན་ཉུང་ཅན་གྱི་རིགས་སྒྱུར་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ། རྒྱལ་ཁབ་བདེ་འཇགས་ནུས་པ་ནུས་ལྡན་ངང་མཐོར་འདེགས་བཏང་བ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཕྱིན་ཅིང་། སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་མཐའ་འཁྱོངས་བྱས་པ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་གོང་འཕེལ་ཆེན་པོ་བྱུང་བ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཕྱོགས་ཡོངས་ནས་རྒྱ་སྐྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པ་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཏང་གི་གསར་སྐྲུན་བྱེད་ནུས་དང་། གོང་བུར་བསྒྲིལ་ནུས། འཐབ་འཛིང་བྱེད་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྱོགས་སུ་གོམ་སྟབས་གསར་པ་བརྟན་པོ་སྤོས་ཤིང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་འགོ་ཡག་པོ་ཚུགས་ཡོད། གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བར་ཐུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་ཐུག་ཡོད།
(2) “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་སྔ་ཤུལ་ཕྱི་འཛིན་གྱི་གནས་བབ་གལ་ཆེན་བཟུང་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་སྐས་རིམ་ལྟར་འཕར་བ་དང་རྒྱུན་ཆད་མེད་པར་གོང་འཕེལ་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། འབད་བརྩོན་ལྷོད་མེད་དང་འཕྲོ་མཐུད་འབད་འཐབ་བྱེད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་པས། དགེ་མཚན་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འགག་རྩའི་ཚོད་འཛིན་སེལ་བ། ཆད་སྐྱོན་དང་ཞན་ཆ་གསབ་པ་བཅས་བྱས་ཏེ། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་དབང་ལག་ཏུ་དམ་པོར་ཟིན་དགོས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་ལ་འགག་སྒྲོལ་གནད་ཆེན་ཡོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས།
(3) “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་འཕྲད་ཡོད། རྒྱལ་ཁབ་ཆེན་པོའི་འབྲེལ་བས་རྒྱལ་སྤྱིའི་གནས་བབ་ལ་ཤུགས་རྐྱེན་ཐེབས་པ་དང་། རྒྱལ་སྤྱིའི་གནས་བབ་ཀྱི་འཕོ་འགྱུར་གྱིས་རྒྱལ་ནང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པས། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་ཤིང་། ངེས་གཏན་མེད་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་གནས་ཡོད། རྒྱལ་སྤྱིའི་ཆ་ནས་བལྟས་ན། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་གང་མགྱོགས་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལེགས་སྒྲིག་གཏིང་ཟབ་འབྱུང་བཞིན་ཡོད་ལ། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་མགྱོགས་མྱུར་ཐོད་བརྒལ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་ལ་རྒྱལ་སྤྱིའི་བར་མཐོངས་རང་འགུལ་ངང་ཇུས་འགོད་དང་ཕྱི་ཕྱོགས་ཁོར་ཡུག་སྐྲུན་པའི་མཐུན་རྐྱེན་མང་པོ་འཛོམས་ཡོད། དུས་མཚུངས་སུ་འཛམ་གླིང་འཁྲུག་ཟིང་སྣོལ་འདྲེས་དང་ཡམ་ཡོམ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ས་འབྲེལ་གདོང་གཏུག་འབྱུང་སླ་ཞིང་མང་དུ་འབྱུང་བཞིན་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལངས་བཞིན་ཡོད། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་འཇིགས་སྐུལ་ཇེ་ཆེར་ཕྱིན་ཡོད། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་ལ་འགྲན་སློང་དྲག་པོ་ཕྲད་པ་དང་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ནུས་མི་འདང་བ་དང་། རྒྱལ་ཁབ་ཆེན་པོའི་འགྲན་རྩོད་སྔར་ལས་རྙོག་འཛིང་ཆེ་ཞིང་ཛ་དྲག་ཏུ་གྱུར་ཡོད། རྒྱལ་ནང་གི་ཆ་ནས་བལྟས་ན། རང་རྒྱལ་དཔལ་འབྱོར་གྱི་རྨང་གཞི་བརྟན་ཞིང་དགེ་མཚན་མང་བ་དང་། ལྡེམ་གཤིས་དང་གཏིང་ཤུགས་ཆེ་བ། ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་ཅིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དང་། ཚོང་རའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དགེ་མཚན། ཐོན་ལས་མ་ལག་ཆ་ཚང་བའི་དགེ་མཚན། ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགེ་མཚན་བཅས་སྔར་ལས་མངོན་གསལ་དོད་པོར་གྱུར་ཡོད། དུས་མཚུངས་སུ་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། ནུས་ལྡན་གྱི་དགོས་མཁོ་མི་འདང་བ་དང་རྒྱལ་ནང་གི་རེས་འཁོར་ཆེན་པོར་ཐོགས་ས་འགག་ས་གནས་ཡོད། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་ལས་འགན་དཀའ་ཚེགས་ཆེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་བལྟོས་བཅས་ཀྱིས་རྗེས་ལུས་ཡིན། ལས་ཞུགས་དང་སྡོད་དམངས་ཀྱི་ཡོང་འབབ་འཕར་བའི་གནོན་ཤུགས་ཅུང་ཆེ་ཞིང་དམངས་འཚོ་འགན་སྲུང་ཐད་ཆད་སྐྱོན་དང་ཞན་ཆ་ལྡན། མི་འབོར་གྲུབ་ཚུལ་གྱི་འགྱུར་ལྡོག་གིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ལ་ཞིབ་འཇུག་བྱ་གཞི་གསར་པ་བཏོན་ཡོད། གཙོ་གནད་ཁྱབ་ཁོངས་སུ་ད་དུང་ཉེན་ཁ་དང་མངོན་མེད་རྐྱེན་ངན་གནས་ཡོད།
འཕོ་འགྱུར་ནང་དུ་གོ་སྐབས་ལྡན་པ་དང་འགྲན་སློང་གིས་ངར་སེམས་སྐུལ་སློང་བྱེད། ཏང་ཡོངས་ཀྱིས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་སྐྱེད་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་དང་། རྣམ་པར་རྒྱལ་ངེས་པའི་བློ་གདེང་ཆེ་རུ་སྐྱེད་པ། འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་ཧུར་ཐག་བྱེད་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། རླུང་འཚུབ་རླབས་འཕྱོ་དང་ཐ་ན་འཇིགས་རུང་དྲག་རླབས་ཀྱི་ཉམས་སད་ཆེན་པོར་བློ་སྤོབས་ཆེན་པོས་ཁ་གཏད་འཇལ་བ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་འགག་གནད་སྒྲོལ་བ། ཉེན་ཁ་སེལ་བ། འགྲན་སློང་བསུ་བ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་གཞག་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བའི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེ་ཚན་གསར་པ་མུ་མཐུད་དུ་རྩོམ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་གཏོད་དགོས།
གཉིས། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སློབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ།
(4) “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སློབ་སྟོན་བསམ་བློ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་འཛུགས་དགོས། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ། སྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་རྩ་བའི་འགན་སྲུང་དུ་འཛིན་པ་བཅས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ཇེ་མཐོར་ནུས་ལྡན་འགྲོ་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བར་གོམ་སྟབས་བརྟན་པོ་སྤོ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་སྐྱེད་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།
(5) “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་སུ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན།
—— ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གིས་ཁ་ཕྱོགས་འཛིན་པ་དང་། སྤྱི་ཡོངས་འཆར་འགོད། སྲིད་ཇུས་གཏན་འབེབས། སྒྱུར་བཅོས་སྐུལ་སྤེལ་བཅས་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་ཏང་གི་འགོ་ཁྲིད་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཕྱོགས་ཐམས་ཅད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རྩ་བའི་འགན་ལེན་འདོན་སྤྲོད་བྱེད་དགོས།
—— མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱེད་པ་དང་། མི་དམངས་ལ་དམ་པོར་བརྟེན་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། འཕེལ་རྒྱས་གཏོང་བའི་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་དོ་སྣང་བྱེད་པ། དམངས་འཚོའི་དགོས་མཁོ་སྐོང་བའི་ཁྲོད་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་སྐྱེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་དུ་སྤེལ་བ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཆར་པ་ཆུ་གྲོགས་ཡོང་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་དགོས།
—— སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། རྒྱལ་ནང་གི་རེས་འཁོར་ཆེན་པོ་སྟོབས་ཆེར་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཐོགས་མེད་ཡོང་བར་བྱེད་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཅིག་གྱུར་འཆར་འགོད་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་གང་མགྱོགས་བྱས་ཏེ། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་ལ་སྐུལ་སྤེལ་གཏོང་དགོས། འཕར་འབོར་ལེགས་སྒྱུར་དང་བསགས་འབོར་འཁྲུག་གཏོང་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།
—— ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་ལ་དམིགས་ཏེ། གཏིང་རིམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཕན་ཚུན་སྔར་བས་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།
—— ནུས་ལྡན་ཚོང་ར་དང་ལས་བརྩོན་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས་ཤིང་། གཅིག་གྱུར་དང་། སྒོ་འབྱེད། འགྲན་རྩོད། རིམ་ལྡན་བཅས་ཀྱི་ཚོང་རའི་མ་ལག་འཛུགས་པ་དང་། ཁྲིམས་སྐྱོང་དཔལ་འབྱོར་དང་ཡིད་རྟོན་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས་“གློད་ནས་འཁྲུག་པོར་གཏོང་ཐུབ”ལ་“དོ་དམ་ཡག་པོ་ཡང་བྱེད་ཐུབ་པའི”དཔལ་འབྱོར་སྒྲིག་ལམ་ཆགས་པར་བྱེད་དགོས།
—— འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཁྲོད་བདེ་འཇགས་སྲ་བརྟན་གཏོང་བ་དང་བདེ་འཇགས་ཁྲོད་འཕེལ་རྒྱས་དོན་གཉེར་བྱས་ཏེ། མཐའ་ཚད་ཀྱི་བསམ་གཞིགས་ཟབ་ཏུ་གཏོང་དགོས། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྡེམ་གཤིས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་བྱེད་དགོས།
(6) “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་གཙོ་བོ།
—— སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་འཐོབ་པར་བྱེད་དགོས། དཔལ་འབྱོར་འཕར་སྣོན་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་མཐའ་འཁྱོངས་བྱེད་པ་དང་། བདག་རྐྱེན་ཆ་ཚང་གི་ཐོན་སྐྱེད་བྱེད་ཚད་བརྟན་པོའི་ངང་མཐོར་འདེགས་གཏོང་བ། སྡོད་དམངས་ཀྱི་འཛད་སྤྱོད་བྱེད་ཚད་མཐོར་འདེགས་མངོན་གསལ་ཡོང་བ་དང་། ནང་མཁོས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། དཔལ་འབྱོར་འཕར་སྣོན་ཡོང་བའི་གཏིང་ཤུགས་གང་ལེགས་གློད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། གཞི་ཁྱོན་ཧ་ཅང་ཆེ་བའི་ཚོང་རའི་དགེ་མཚན་རྒྱུན་མཐུད་ངང་མངོན་པ་དང་། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དཔེ་གསར་ལ་གྲུབ་འབྲས་གལ་ཆེན་འཐོབ་པར་བྱེད་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་བཅས་ལ་ཐོད་བརྒལ་ཆེན་པོ་ཡོང་བར་བྱེད་དགོས།
—— ཚན་རྩལ་རང་ཚུགས་རང་དར་གྱི་ཆུ་ཚད་ཆེས་ཆེར་མཐོར་འདེགས་གཏོང་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་དང་། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པར་བྱེད་དགོས། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་བྱེད་ནུས་མངོན་གསལ་གྱིས་ཆེ་རུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་ལ་མགྱོགས་མྱུར་ཐོད་བརྒལ་བྱེད་པ་མ་ཟད། གཞན་དང་མཉམ་གཤིབ་ཀྱིས་རྒྱུག་པ་དང་གཞན་གྱི་སྣེ་ཁྲིད་དེ་རྒྱུག་པའི་ཁྱབ་ཁོངས་མངོན་གསལ་གྱིས་མང་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་པ་དང་། གསར་གཏོད་ཀྱིས་སྐུལ་འདེད་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས།
—— ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་ཐོད་བརྒལ་གསར་པ་ཡོང་བར་བྱེད་དགོས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་ཆ་ཚང་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་མཐོན་པོར་སླེབས་པར་བྱེད་དགོས།
—— སྤྱི་ཚོགས་ཀྱི་ཤེས་དཔལ་དར་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་དགོས། རིག་གནས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་དང་། གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བསྟར་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་བྱེད་པ་དང་། མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་སྔར་ལས་ཕུན་སུམ་ཚོགས་སུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་མངོན་གསལ་གྱིས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་མཉེན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།
—— མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་འཕེལ་སྐྱེད་གསར་པ་འཐོབ་པར་བྱེད་པ་དང་། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་དུས་མཉམ་ཡོང་བ་དང་། ངལ་རྩོལ་གྱི་ཐོབ་ཆ་མང་དུ་གཏོང་བ་དང་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མགྱོགས་སུ་གཏོང་བ་དུས་མཉམ་ཡོང་བ། བགོ་བཤའི་གྲུབ་ཚུལ་ལེགས་སྒྱུར་ཡོང་བ། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་རྒྱུན་མཐུད་ངང་མང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་ལམ་ལུགས་སྔར་བས་ལེགས་སྒྱུར་དང་སྔར་བས་རྒྱུན་མཐུད་ཐུབ་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱེད་དགོས།
—— མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད་འཕེལ་སྐྱེད་ཆེན་པོ་གསར་པ་འཐོབ་པར་བྱེད་དགོས། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གཞི་རྩའི་ཆ་ནས་ཆགས་པ་དང་། ཐཱན་རྩེར་སོན་གྱི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་དགོས། སྦགས་མེད་ཐཱན་ཉུང་བདེ་འཇགས་ནུས་ཆེ་བཅས་ཀྱི་ནུས་ཁུངས་མ་ལག་དཔེ་གསར་རགས་ཙམ་ཆགས་པ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་གཏོང་བྱེད་པའི་སྤྱི་འབོར་རྒྱུན་མཐུད་ངང་ཉུང་དུ་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས།
—— རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་སྔར་བས་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་དང་ནུས་པ་སྔར་བས་སྟོབས་ཆེར་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ། ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས།
རྨང་གཞི་འདིའི་ཐོག་ཡང་བསྐྱར་འབད་འཐབ་ལོ་ལྔ་བྱས་ཏེ། 2035ལོར་སླེབས་སྐབས་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིའི་ཤུགས་རྐྱེན་གཏོང་ནུས་བཅས་ཆེས་ཆེར་འཕེལ་བར་བྱེད་པ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དར་རྒྱས་འབྲིང་ཙམ་བྱུང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པར་བྱེད་ཅིང་། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་དགའ་སྐྱིད་ལྡན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས།
གསུམ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ནས་དངོས་གཞིའི་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས།
དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་ལག་རྩལ་གྱི་རྨང་གཞི་ཡིན། དཔལ་འབྱོར་གོང་དུ་སྤེལ་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་དང་། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་དང་། སྤུས་ཚད་རྒྱལ་ཁབ་སྟོབས་ལྡན། མཁའ་སྐྱོད་རྒྱལ་ཁབ་སྟོབས་ལྡན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་བཅས་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་ལུགས་མཐུན་མཐའ་འཁྱོངས་བྱེད་པ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས།
(7) སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་མཐོར་འདེགས་གཏོང་དགོས། གཙོ་གནད་ཐོན་ལས་སྤུས་འདེགས་རིམ་སྤར་ཡོང་བར་སྐུལ་འདེད་བཏང་སྟེ། གཏེར་ལས་དང་། ལྕགས་བཞུ། རྫས་འགྱུར་བཟོ་ལས། ཡང་བའི་བཟོ་ལས། འཁེལ་འཐག འཕྲུལ་ཆས། གྲུ་གཟིངས། ཨར་ལས་སོགས་ཐོན་ལས་ཀྱི་གོ་ལ་ཧྲིལ་པོའི་ཐོན་ལས་ལས་བགོས་ཁྲོད་ཀྱི་གནས་བབ་དང་འགྲན་རྩོད་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། ཐོན་ལས་མུ་ཕྲེང་རང་བརྟེན་ཡིན་པ་དང་ཚོད་འཛིན་ཐུབ་པའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གནད་ཆེན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་མུ་ཕྲེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་རིམ་འགྲིལ་ལག་བསྟར་བྱེད་པ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་འཕེལ་རྒྱས་གཏོང་དགོས། ལག་རྩལ་སྒྱུར་བཀོད་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་ལས་རིགས་གྲངས་རིག་ཅན་དུ་སྒྱུར་བར་སྐུལ་སྤེལ་གཏོང་དགོས། རིག་ནུས་བཟོ་སྐྲུན་དང་། ལྗང་མདོག་བཟོ་སྐྲུན། ཞབས་ཞུ་ཅན་གྱི་བཟོ་སྐྲུན་བཅས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཀྱི་དཔེ་དབྱིབས་དང་ཁེ་ལས་ཀྱི་རྩ་འཛུགས་རྣམ་པར་འཕོ་འགྱུར་མགྱོགས་སུ་གཏོང་དགོས། སྤུས་ཚད་དང་ལག་རྩལ་གྱི་རྨང་གཞིའི་ནུས་པ་ཆེ་རུ་གཏོང་བ་དང་། ཚད་གཞིའི་སྣེ་ཁྲིད་ལ་ཤུགས་རྒྱག་པ། རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས། སྤུས་རྟགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི་བཀོད་པ་ལེགས་སྒྱུར་གཏོང་བ་དང་། གཙོ་གནད་ཐོན་ལས་རྒྱལ་ནང་དུ་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་བྱེད་པར་སྐུལ་སྤེལ་གཏོང་དགོས།
(8) གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། གསར་དར་ཀ་རྟེན་ཐོན་ལས་གཏོད་རྒྱུར་ཤུགས་རྒྱག་དགོས། ཐོན་ལས་གསར་གཏོད་ལས་གྲྭ་ལག་བསྟར་བྱེད་པ་དང་། གསར་གཏོད་སྒྲིག་བཀོད་འཛུགས་སྐྲུན་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ། ཐོན་རྫས་རབས་བརྗེ་རིམ་སྤར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ། མཁའ་འགྲུལ་མཁའ་སྐྱོད། དམའ་དབྱིངས་དཔལ་འབྱོར་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་གང་མགྱོགས་གཏོང་དགོས། ཐོན་ལས་སྐྱེ་ཁམས་འཐུས་ཚང་དུ་གཏོང་བ་དང་། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། གནས་ལྗོངས་གསར་པ་བཅས་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་བྱ་སྤྱོད་ལག་བསྟར་བྱེད་པ་དང་། གསར་དར་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གང་མགྱོགས་གཏོང་དགོས།
འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ་དང་། སྣ་མང་ལག་རྩལ་ལམ་ཕྱོགས་དང་། དཔེ་མཚོན་ཉེར་སྤྱོད་གནས་ལྗོངས། སྤྱོད་འཐུས་ཚོང་ལས་དཔེ་དབྱིབས། ཚོང་རའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅས་འཚོལ་ཞིབ་བྱེད་དགོས། ཚད་རྡུལ་ཚན་རྩལ་དང་། སྐྱེ་དངོས་བཟོ་སྐྲུན། ཆིང་ནུས་དང་ཉིང་རྡུལ་འདུས་འགྱུར་ནུས་པ། ཀླད་འཕྲུལ་མཐུད་ཁ། གཟུགས་ལྡན་རིག་ནུས། སྤོ་འགུལ་འཕྲིན་གཏོང་རབས་དྲུག་པ་སོགས་དཔལ་འབྱོར་གྱི་འཕར་གཞི་གསར་པར་འགྱུར་བར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་དང་། ལས་གཏོད་དངུལ་འཇོག་གོང་དུ་སྤེལ་དགོས་ལ། འབྱུང་འགྱུར་ཐོན་ལས་ལ་མ་དངུལ་འཇོག་གྲངས་འཕར་སྣོན་དང་ཉེན་ཁ་མཉམ་འཁུར་གྱི་ལམ་སྲོལ་འཛུགས་དགོས། ཁེ་ལས་འབྲིང་ཆུང་ཆེད་ལས་སྤུས་ལེགས་ཁྱད་ལྡན་གསར་གྲས་བཅས་སུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཁེ་ལས་རྭ་གཅིག་མ་སྐྱེད་སྲིང་བྱེད་དགོས།
(9) ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། ལྟ་སྐུལ་དོ་དམ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོ་སྤུས་ལེགས་རྒྱ་སྐྱེད་གཏོང་དགོས། ཁྱབ་ཁོངས་དབྱེ་ནས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དག་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་གི་མཐོ་རིམ་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་། སྣ་མང་ཅན། སྟབས་བདེ་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས། དེང་རབས་ཞབས་ཞུའི་ལས་རིགས་དེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞིང་ལས་དང་མཉམ་འདྲེས་སྒོས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་གྲངས་རིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ཚད་གཞི་དང་སྤུས་ཚད་དང་སྤུས་རྟགས་བཅས་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། ཞབས་ཞུའི་ལས་རིགས་ཀྱི་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་མ་ལག་ཆ་ཚང་དུ་གཏོང་དགོས།
(10) དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་དགོས། རྨང་གཞིའི་སྒྲིག་བཀོད་གཅིག་འདོམས་ཀྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོད་པའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། འདུས་གྲུབ་མཉམ་འདྲེས་ཡོང་བར་སྐུལ་སྤེལ་གཏོང་བ། བདེ་འཇགས་ཀྱི་ལྡེམ་གཤིས་དང་གཉེར་སྐྱོང་གི་རྒྱུན་མཐུད་ཐུབ་པའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་དཔེ་གསར་སྔོན་བརྒལ་འོས་འཚམ་གྱིས་འཛུགས་སྐྲུན་བྱས་ཏེ། ཆ་འཕྲིན་དང་འཕྲིན་གཏོང་དྲ་རྒྱ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩི་ནུས་དྲ་རྒྱ། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གནད་ཆེན་སོགས་འཛུགས་སྐྲུན་དང་ལེགས་བསྡུས་ཞིབ་གཉེར་དང་ནུས་ཆེའི་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་རིག་གྲངས་ཅན་དུ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་དགོས། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་བཏང་སྟེ། ས་ཁོངས་བརྒལ་ནས་གཅིག་འདོམས་ཀྱིས་བཀོད་སྒྲིག་དང་། བྱེད་སྟངས་བརྒལ་ནས་གཞི་གཅིག་ཏུ་སྦྲེལ་བར་ཤུགས་རྒྱག་དགོས་པ་དང་། ཉམས་ཞན་ས་ཁུལ་དུ་ཁེབས་པ་དང་ཤར་བགྲོད་ཐུབ་པའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྣ་མང་ཅན་དང་ལྡེམ་གཤིས་ཆེ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་རྒྱུ་ལམ་མ་ལག་ཆ་ཚང་དུ་གཏོང་དགོས། ནུས་ཁུངས་རྒྱུ་ལམ་རྐང་འཛིན་གྱི་བཀོད་པ་ལེགས་སྒྱུར་བྱེད་པ་དང་། ནུས་ཁུངས་དཔེ་གསར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དེང་རབས་ཅན་གྱི་ཆུ་དྲ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་འགོག་སྲུང་དང་། ཆུའི་ཐོན་ཁུངས་གཅིག་འདོམས་ཀྱིས་བཀོད་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་འདོན་སྤྲོད་འགན་སྲུང་བྱེད་ནུས་བཅས་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་དལ་བྲེལ་གཉིས་སྤྱོད་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
བཞི། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་བཏང་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཚན་རྩལ་དེང་རབས་ཅན་གྱི་འདེགས་སྐྱོར་ལ་བརྟེན་དགོས། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་བཅས་གཅིག་འདོམས་ཀྱིས་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་སྤྱི་ཡོངས་ཀྱི་ཕན་ནུས་ཇེ་མཐོར་གཏོང་བ་དང་། ཕྱོགས་ཡོངས་ནས་རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་བཏང་ནས་ཚན་རྩལ་འཕེལ་རྒྱས་ཀྱི་བཙན་ས་བཟུང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཐོན་པར་བྱེད་དགོས།
(11) ཐོག་མའི་གསར་གཏོད་དང་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་རྒྱག་དགོས། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་འཐུས་ཚང་དུ་གཏོང་བ་དང་། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་སྤྱད་དེ་མུ་ཕྲེང་ཡོངས་སུ་འདུས་གྲུབ་གློག་ལམ་དང་། བཟོ་ལས་འཕྲུལ་འཁོར་ཨ་མ། དཔྱད་ཆས་ལེགས་གྲས། རྨང་གཞིའི་མཉེན་ཆས། སྔོན་ཐོན་རྒྱུ་ཆ། སྐྱེ་དངོས་བཟོ་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་ཐག་གཅོད་རང་བཞིན་གྱི་ཐོད་བརྒལ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་འབུར་དུ་ཐོན་པར་བྱས་ཏེ་རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གནད་ཆེན་ཁག་ཅིག་བཀོད་སྒྲིག་དང་ལག་བསྟར་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ལ་འཐབ་ཇུས་རང་བཞིན་དང་། སྔོན་ཚོད་རང་བཞིན། མ་ལག་ཅན་བཅས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་འཇོག་པའི་བསྡུར་ཚད་མཐོ་རུ་བཏང་ནས། དུས་ཡུན་རིང་པོར་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་ཐད་ཐོག་མའི་གསར་གཏོད་བྱེད་པར་ཁྲིད་སྟོན་ཤུགས་ཆེན་བྱེད་པ་དང་། ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་གསར་གཏོད་ལ་ཕན་པའི་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། མཚོན་རྟགས་རང་བཞིན་ལྡན་པའི་ཐོག་མའི་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་འདོན་དགོས།
(12) ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་གཅིག་འདོམས་ཀྱིས་འཛུགས་སྐྲུན་བྱས་ནས་མ་ལག་ཅན་གྱི་འགག་སྒྲོལ་བྱེད་ནུས་ཆེ་རུ་གཏོང་དགོས། ཚན་རྩལ་རྨང་གཞིའི་ཆ་རྐྱེན་རང་བརྟེན་གྱིས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་དང་རྟེན་གཞི་གཅིག་འདོམས་ཀྱིས་འཛུགས་སྐྲུན་བྱེད་དགོས། ས་ཁོངས་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་ཚན་རྩལ་གསར་གཏོད་ལྟེ་གནས་དང་ཐོན་ལས་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་བཀོད་སྒྲིག་དང་འཛུགས་སྐྲུན་བྱས་ཏེ། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཇུས་འགོད་འབྱུང་ཁུངས་བྱེད་ནུས་ཆེ་རུ་གཏོང་དགོས། ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་ནུས་ཆེའི་ངང་སྤོ་སྒྱུར་དང་བེད་སྤྱོད་མགྱོགས་སུ་གཏོང་བ་དང་། དོན་སྤྱིའི་ར་སྤྲོད་དང་དུས་དཀྱིལ་ཚོད་ལྟའི་ར་སྤྲོད་ཀྱི་ལས་སྟེགས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ། བཀོལ་སྤྱོད་གནས་ལྗོངས་འཛུགས་སྐྲུན་དང་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གོ་ལ་ཧྲིལ་པོར་འགྲན་རྩོད་བྱེད་ནུས་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་ཆགས་པར་བྱེད་དགོས། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣས་གསར་གཏོད་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གསར་གཏོད་ཀྱི་རིག་གནས་སྐྱེད་སྲིང་བྱེད་པ། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱེད་དགོས། ཚན་རྩལ་གྱི་ཁྲིམས་སྐྱོང་དང་། མི་ཆོས། ཡིད་རྟོན། བདེ་འཇགས་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གོ་གནས་ལ་ཤུགས་རྒྱག་པ་དང་། གསར་གཏོད་ཀྱི་ཐོན་ཁུངས་ཁེ་ལས་སུ་གཅིག་བསྡུས་བྱེད་པར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་དང་རྒྱལ་ཁབ་ཀྱི་ཚན་རྩལ་འགག་སྒྲོལ་ལས་འགན་སྔར་ལས་མང་བ་འཁུར་བར་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་བསྔགས་སྐུལ་བྱེད་པ། གསར་གཏོད་མུ་ཕྲེང་དང་། ཐོན་ལས་མུ་ཕྲེང་། མ་དངུལ་མུ་ཕྲེང་། ཤེས་ལྡན་མི་སྣའི་མུ་ཕྲེང་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། ཚན་རྩལ་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ལག་རྩལ་མཐོ་གསར་ཁེ་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྲིད་གཞུང་གིས་རང་བརྟེན་གསར་གཏོད་ཐོན་རྫས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་དགོས།
(13) སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། འཆར་འགོད་སྦྲེལ་མཐུད་དང་། སྲིད་ཇུས་མཐུན་སྦྱོར། ཐོན་ཁུངས་གཅིག་འདོམས། གདེང་འཇོག་མཉམ་འགུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་རང་བརྟེན་གསར་གཏོད་དང་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་གཉིས་སྐུལ་རེས་བཟང་པོ་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་སློབ་གསོའི་ལྟེ་གནས་དང་། ཚན་རིག་ལྟེ་གནས། ཤེས་ལྡན་མི་སྣའི་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་དགོས། ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་བཅས་ལ་དམིགས་ནས་མཉམ་དུ་མི་གསོ་སྐྱོང་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་བཀོད་པ་ལེགས་སྒྱུར་དང་། སྒྱུར་བཅོས་ལ་རིགས་དབྱེ་སྐུལ་འདེད། རིག་གཞུང་ཚན་ཁག་བཀོད་སྒྲིག་གཅིག་འདོམས་བཅས་བྱས་ཏེ། “རྩེ་གྲ་གཉིས”ཀྱི་མཐོ་སློབ་དང་རྒྱལ་ཁབ་སྣོལ་འདྲེས་རིག་ཚན་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཚན་ཞིབ་སྒྲིག་གཞི་དང་། གསར་གཏོད་ལས་སྟེགས། ཁེ་ལས། ཚན་རྩལ་འཆར་གཞི་བཅས་ཀྱི་ཤེས་ལྡན་མི་སྣ་གཅིག་བསྡུས་ཀྱིས་གསོ་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་ཤེས་ལྡན་མི་སྣ་རྩེར་སོན་གསོ་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། འཐབ་ཇུས་ཚན་རིག་པ་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ། ཕུལ་བྱུང་བཟོ་བཀོད་པ། རྒྱལ་ཁབ་ཆེན་པོའི་བཟོ་བོ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་སོགས་ཤེས་ལྡན་མི་སྣ་སྣ་ཚོགས་སྔར་ལས་མང་བ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། ཤེས་ལྡན་མི་སྣའི་མཉམ་སྒྲུབ་ལ་ཤུགས་སྣོན་དང་། ཤེས་ལྡན་མི་སྣའི་གྲུབ་ཚུལ་ལེགས་སྒྱུར། ཤེས་ལྡན་མི་སྣ་ས་ཁོངས་བར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཅས་བྱེད་དགོས། གསར་གཏོད་ནུས་པ་དང་། སྤུས་ཚད། ཕན་འབྲས། བྱས་རྗེས་བཅས་གདེང་འཇོག་གི་ཁྲིད་ཕྱོགས་སུ་བཟུང་ནས། ལས་གཞི་ཞིབ་དཔྱད་དང་། སྒྲིག་གཞི་དཔྱད་དཔོག ཤེས་ལྡན་མི་སྣར་གདེང་འཇོག ཡོང་འབབ་བགོ་བཤའ་བཅས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། མཐོ་སློབ་དང་། ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་བཅས་ཀྱི་ཤེས་ལྡན་མི་སྣ་སྤེལ་རེས་བྱེད་ལམ་ཤར་བགྲོད་ཡོང་བར་བྱས་ཏེ། གསར་གཏོད་གསར་སྐྲུན་གྱི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སློང་བྱེད་དགོས། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ལག་རྩལ་མཐོ་གྲས་ཀྱི་ཤེས་ལྡན་མི་སྣ་ཡུལ་སྤོའི་ལམ་ལུགས་བཙུགས་ཏེ། འཛམ་གླིང་གི་ཕུལ་བྱུང་ཤེས་ལྡན་མི་སྣ་འདྲེན་སྐྱོང་བྱེད་དགོས།
(14) གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། གཞི་གྲངས་བདག་རྐྱེན་གྱི་རྨང་གཞིའི་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། སྒོ་འབྱེད་མཉམ་སྤྱོད་བདེ་འཇགས་བཅས་ཀྱི་རྒྱལ་ཡོངས་གཞི་གཅིག་ཅན་གྱི་གཞི་གྲངས་ཚོང་ར་འཛུགས་སྐྲུན་བྱེད་པ་དང་། གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཟབ་སྤེལ་བྱེད་དགོས། དངོས་གཞིའི་དཔལ་འབྱོར་དང་གྲངས་ཀའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་གཏོང་བ་དང་། བཟོ་ལས་མཉམ་སྦྲེལ་དྲ་རྒྱ་གསར་གཏོད་གོང་སྤེལ་ལས་གྲྭ་ལག་བསྟར་བྱེད་དགོས། མིས་བཟོས་རིག་ནུས་སོགས་རིག་གྲངས་ལག་རྩལ་གསར་གཏོད་གང་མགྱོགས་བྱེད་པ་དང་། རྨང་གཞིའི་རིགས་པའི་གཞུང་ལུགས་དང་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པ། རྩི་ནུས་དང་། རྩི་ཐབས། གཞི་གྲངས་སོགས་ནུས་ཆེའི་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས“མིས་བཟོས་རིག་ནུས་+”བྱ་སྤྱོད་ལག་བསྟར་བྱེད་པ་དང་། མིས་བཟོས་རིག་ནུས་ཀྱིས་ཚན་ཞིབ་མ་དཔེར་འཕོ་འགྱུར་འབྱུང་བར་སྣེ་ཁྲིད་བྱེད་པ། མིས་བཟོས་རིག་ནུས་དེ་ཐོན་ལས་འཕེལ་རྒྱས་དང་། རིག་གནས་འཛུགས་སྐྲུན། དམངས་འཚོ་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་བཅས་དང་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། མིས་བཟོས་རིག་ནུས་ཐོན་ལས་ཉེར་སྤྱོད་ཀྱི་མཐོ་གནོན་བཙན་ས་བཟུང་སྟེ་ཕྱོགས་མཐའ་ཡོངས་ནས་བྱ་བརྒྱ་ལས་སྟོང་ལ་ནུས་པ་སྩོལ་བ་བཅས་བྱེད་དགོས། མིས་བཟོས་རིག་ནུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་ལམ་ལུགས། ཉེར་སྤྱོད་ཚད་གཞི། མི་ཆོས་ཚད་ཐིག་བཅས་འཐུས་ཚང་དུ་གཏོང་དགོས། ལྟ་སྐུལ་དོ་དམ་འཐུས་ཚང་དུ་བཏང་ནས་ལས་སྟེགས་དཔལ་འབྱོར་གསར་གཏོད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ལྔ། རྒྱལ་ནང་གི་ཚོང་ར་སྟོབས་དང་ལྡན་པ་འཛུགས་སྐྲུན་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་གཏོད་དགོས།
རྒྱལ་ནང་གི་ཚོང་ར་སྟོབས་དང་ལྡན་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་རྒྱབ་རྟེན་ཡིན། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་འདི་རྒྱུན་འཁྱོངས་དང་། དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ། མ་དངུལ་དངོས་པོར་གཏོང་བ་དང་མ་དངུལ་མི་ལ་གཏོང་བ་བཅས་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དགོས་མཁོ་གསར་པས་འདོན་སྤྲོད་གསར་པར་སྣེ་ཁྲིད་བྱེད་པ་དང་། འདོན་སྤྲོད་གསར་པས་དགོས་མཁོ་གསར་པ་གཏོད་དགོས་ཤིང་། འཛད་སྤྱོད་དང་དངུལ་འཇོག་དང་། འདོན་སྤྲོད་དང་དགོས་མཁོ་བཅས་སྐུལ་རེས་བཟང་པོ་ཡོང་བར་སྐུལ་སྤེལ་གཏོང་བ་དང་། རྒྱལ་ནང་གི་རེས་འཁོར་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློ་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་དགོས།
(15) འཛད་སྤྱོད་ཆེར་སྐྱེད་ཤུགས་ཆེན་གཏོང་དགོས། འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དམིགས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ལས་ཞུགས་ལ་སྐུལ་སྤེལ་དང་། ཡོང་འབབ་འཕར་སྣོན། སྔོན་དཔག་བརྟན་པོ་བཅས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྤྱི་པའི་ཞབས་ཞུའི་གཏོང་སྒོས་ནོར་སྲིད་གཏོང་སྒོའི་ནང་ཟིན་པའི་བསྡུར་ཚད་ལུགས་དང་མཐུན་པར་མཐོ་རུ་གཏོང་བ་དང་། སྡོད་དམངས་ཀྱི་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་དགོས། འཛད་སྤྱོད་ཐོན་རྫས་དང་ཞབས་ཞུ་སྤུས་ལེགས་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས། ཞུགས་འཐུས་ལྷུག་གཏོང་དང་ལས་རྣམ་མཉམ་འདྲེས་གཙོ་གནད་དུ་བཟུང་ནས་ཞབས་ཞུའི་འཛད་སྤྱོད་རྒྱ་སྐྱེད་གཏོང་བ་དང་། སྤུས་རྟགས་སྣེ་ཁྲིད་དང་། ཚད་གཞི་རིམ་སྤར། ལག་རྩལ་གསར་པ་ཉེར་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་ཟོག་འཛད་སྤྱོད་རྒྱ་སྐྱེད་རིམ་སྤར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐུལ་ཁྲིད་བྱེད་རྒྱ་ཆེ་ཞིང་མངོན་པར་གསལ་ཚད་མཐོ་བའི་འཛད་སྤྱོད་གནས་ལྗོངས་གསར་པ་ཁག་ཅིག་གཏོད་དགོས། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་སྐྱེད་སྲིང་དང་། ཁོངས་འཛུལ་འཛད་སྤྱོད་རྒྱ་སྐྱེད་གཏོང་དགོས། ཐད་ཀར་འཛད་སྤྱོད་པར་ཕན་པའི་ཀུན་ཕན་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གཞུང་གི་མ་དངུལ་དམངས་འཚོ་འགན་སྲུང་ཐད་ལ་སྤྱོད་པའི་གཏོང་སྒོ་མང་དུ་གཏོང་དགོས། འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རླངས་འཁོར་དང་སྡོད་ཁང་སོགས་འཛད་སྤྱོད་ཐད་ལུགས་དང་མི་མཐུན་པའི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་གཙང་བཤེར། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་། དཔེ་དབྱིབས་གསར་པ། གནས་ལྗོངས་གསར་པ་བཅས་དང་འཚམ་པའི་དོ་དམ་བྱེད་ཐབས་འཛུགས་པ་དང་ཆ་ཚང་དུ་གཏོང་བ། ཕོགས་ལྡན་འཚང་གཡོལ་གྱི་གུང་སེང་གཏོང་བ་དོན་འཁྱོལ་བཅས་བྱེད་དགོས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།
(16) ནུས་ལྡན་དངུལ་འཇོག་རྒྱ་སྐྱེད་གཏོང་དགོས། དངུལ་འཇོག་ལུགས་མཐུན་ངང་འཕར་བ་མཐའ་འཁྱོངས་བྱེད་པ་དང་དངུལ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་དགོས། སྲིད་གཞུང་གི་དངུལ་འཇོག་གྲུབ་ཚུལ་ལེགས་སྒྱུར་དང་། དམངས་འཚོའི་རིགས་ལ་སྲིད་གཞུང་གིས་མ་དངུལ་འཇོག་པའི་བསྡུར་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་གནད་ཆེན་འཐབ་ཇུས་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པའི་ལས་གཞི་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་འབོར་གྲུབ་ཚུལ་གྱི་འགྱུར་ལྡོག་དང་འཁོར་རྒྱུག་གི་འཕེལ་ཕྱོགས་དང་འཚམ་པར་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་བ། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྲིད་གཞུང་གི་མ་དངུལ་འཇོག་རིགས་ཁག་གཅིག་འདོམས་ཀྱིས་བེད་སྤྱོད་ཡག་པོ་བྱེད་པ་དང་། ལས་ཀའི་རྨང་གཞི་ཅུང་ལེགས་པའི་ས་གནས་སུ་རྒྱ་ཚད་ཡོངས་སུ་སྲིད་གཞུང་གིས་མ་དངུལ་འཇོག་པའི་འཆར་གཞི་སྒྲིག་བཟོ་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས། སྲིད་གཞུང་གིས་མ་དངུལ་འཇོག་པའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དངུལ་འཇོག་ལ་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཀྲུང་དབྱང་དང་ས་གནས་ཀྱི་དངུལ་འཇོག་ཁ་ཕྱོགས་དང་གཙོ་གནད་སྔར་བས་ཁ་གསལ་བཟོ་དགོས། འཆར་འགོད་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོན་རྟགས་རང་བཞིན་གྱི་ལས་གྲྭའི་ལས་གཞི་གནད་ཆེན་ཁག་ཅིག་ལག་བསྟར་བྱེད་དགོས། དམངས་གཉེར་ཁེ་ལས་ལས་གཞི་གནད་ཆེན་འཛུགས་སྐྲུན་ནང་ཞུགས་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་དངུལ་འཇོག་ཐེབས་རྩའི་ཁྲིད་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། དམངས་ཁྲོད་དངུལ་འཇོག་གི་གསོན་ཤུགས་སྐུལ་སློང་བྱེད་པ་དང་། དམངས་ཁྲོད་དངུལ་འཇོག་གི་བསྡུར་ཚད་མཐོ་རུ་གཏོང་བ། ཚོང་རས་གཙོ་ཁྲིད་བྱེད་པའི་ནུས་ལྡན་དངུལ་འཇོག་འཕར་སྣོན་ཡོང་བའི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
(17) རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་འགོག་རྐྱེན་བཟོ་བའི་ཐོགས་ས་འགག་ས་མཐའ་གཅིག་ཏུ་སེལ་དགོས། ཚོང་རའི་རྨང་གཞིའི་ལམ་ལུགས་དང་སྒྲིག་སྲོལ་གཅིག་གྱུར་བྱེད་པ་དང་། ཐོན་དབང་སྲུང་སྐྱོབ་དང་། ཚོང་རར་ཞུགས་འཐུས། ཆ་འཕྲིན་ཁྱབ་བསྒྲགས། སྤྱི་ཚོགས་ཡིད་རྟོན། ཟླ་སྒྲིལ་བསྐྱར་སྒྲིག ཚོང་ར་ཕྱིར་འཐེན་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། བདག་རྐྱེན་འཐོབ་ལེན་དང་། ཐོབ་ཐང་ངོས་འཛིན། དམིགས་འགུག་དམིགས་འཇོག སྲིད་གཞུང་གི་ཉོ་སྒྲུབ་སོགས་ཐད་ཀྱི་འགོག་རྐྱེན་སེལ་བ། ས་གནས་སྲིད་གཞུང་གིས་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ས་གནས་སྲུང་སྐྱོབ་དང་ཚོང་ར་བཅད་བཟུང་བྱེད་རིགས་མེད་པར་བཟོ་བ་བཅས་བྱེད་དགོས། “ནང་རྩོད་རྣམ་པའི”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་དགོས། ཚོང་རའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་གཅིག་གྱུར་བྱེད་པ་དང་། སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་འཛིན་ཁྲུན་གཅོད་དབང་ཆའི་ཚད་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་བསྟར་ཁྲིམས་འཛིན་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། སྤུས་ལེགས་གོང་བཟང་དང་འགྲན་རྩོད་བཟང་པོའི་ཚོང་རའི་སྒྲིག་ལམ་ཆགས་པར་བྱེད་དགོས། གཞི་གཅིག་འབྲེལ་མཐུད་ཀྱི་འཁོར་རྒྱུག་སྒྲིག་སྲོལ་དང་ཚད་གཞི་ཆ་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་སྒོ་ནས་ཚོང་རའི་སྒྲིག་བཀོད་འབྲེལ་མཐུད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་དམའ་རུ་གཏོང་དགོས། གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་ཕན་པའི་བསྡོམས་རྩིས་དང་། ནོར་ཁྲལ། དཔྱད་ཞིབ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་དང་ཡན་ལག་སྒྲིག་གཞི། ཐོན་སྐྱེད་བྱེད་ས་དང་འཛད་སྤྱོད་བྱེད་ས་བཅས་ཀྱི་ཁེ་ཕན་མཉམ་སྤྱོད་ལེགས་སྒྱུར་བྱེད་དགོས།
དྲུག ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་པོར་བཙུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།
ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
(18) གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་དགེ་མཚན་གསབ་རེས་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་དང་། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་མ་རྩ་དྲག་བཟང་ཆེ་གསུམ་དུ་གཏོང་བ། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་བྱེད་ནུས་ཆེ་རུ་གཏོང་བ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམངས་གཉེར་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་དོན་འཁྱོལ་བྱེད་པ་དང་། བཅའ་ཁྲིམས་དང་ལམ་ལུགས་ཀྱི་ཐོག་ནས་ཐོན་སྐྱེད་བདག་རྐྱེན་འདྲ་མཉམ་ངང་སྤྱོད་པ་དང་། ཚོང་རའི་འགྲན་རྩོད་ནང་དྲང་གཞག་ངང་ཞུགས་པ། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ནུས་ལྡན་བྱེད་པ་བཅས་འགན་སྲུང་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་ཐེམ་དུད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་མཉམ་འདྲེས་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཐོན་དབང་ལ་ཁྲིམས་བསྟར་ཁྲིམས་འཛིན་གྱིས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒོ་རྒྱ་ཐེལ་གནོན་དང་། བཙན་ཉར། བཀག་སྐྱིལ་སོགས་བཙན་འདོམས་བྱེད་ཐབས་ལ་ཁྲིམས་འཛིན་ཐོག་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཛམ་གླིང་གི་ཁེ་ལས་རྩེ་གྲ་སྔར་ལས་མང་པོ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས།
(19) བདག་རྐྱེན་ཚོང་ར་ཅན་གྱིས་བགོ་སྒྲིག་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་དགོས། བདག་རྐྱེན་ཐོན་ཁུངས་སྣ་ཚོགས་ཕན་ནུས་ཆེན་པོས་བགོ་སྒྲིག་བྱེད་པར་སྐུལ་སྤེལ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཚོང་ར་དང་། བྱེད་ནུས་འཐུས་སྒོ་ཚང་བའི་མ་རྩའི་ཚོང་ར། འཁོར་རྒྱུག་ཐོགས་མེད་ཀྱི་ངལ་རྩོལ་ནུས་ཤུགས་ཚོང་ར། སྤོ་སྒྱུར་ནུས་ཆེའི་ལག་རྩལ་ཚོང་ར་བཅས་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། སྤྱི་ཁོག་རྒྱུ་ནོར་གྱི་བུན་ཟུག་རེའུ་མིག་སྒྲིག་བཟོ་དང་། ཕྱོགས་ཡོངས་ནས་བསགས་འབོར་ཐོན་ཁུངས་རྒྱུ་ནོར་གྱི་མ་གྲངས་གསལ་རྟོགས་བྱས་ཏེ། རྒྱུ་ནོར་བུན་ཟུག་གི་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། སྒྲིལ་ཉོ་དང་། མ་རྩ་སྟོངས་པ། བརྗེ་ལེན་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ནུས་ཆུང་ས་ཆ་དང་། བེད་མེད་དུ་བཞག་པའི་ཁང་གཞིས། བསགས་འབོར་རྨང་གཞིའི་སྒྲིག་བཀོད་བཅས་འཁྲུག་གཏོང་དང་བེད་སྤྱོད་ཡག་པོ་བྱེད་དགོས། བཟོ་ཚོང་ལས་རིགས་ཀྱི་ས་ཆ་སྤྱོད་དབང་དུས་ཡུན་རྒྱུན་མཐུད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྗེས་མཐུད་ལས་དོན་ཁྲིམས་ལྟར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་སྲིད་འཛིན་བྱ་ལས་སྡེ་ཚན་གྱི་བསགས་འབོར་གཞུང་ཁོངས་རྒྱུ་ནོར་འཁྲུག་གཏོང་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲིམས་འཛིན་གྱི་དཔྱད་མཚམས་ལག་བསྟར་དང་མ་རྩ་སྟོངས་པའི་ལམ་ལུགས་འབྲེལ་མཐུད་དམ་ཚགས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྒོ་རྒྱ་ཐེལ་གནོན་དང་བཀག་སྐྱིལ་བྱས་པའི་རྒྱུ་ནོར་ཁྲིམས་ལྟར་ནུས་ལྡན་སྒོས་འཁྲུག་གཏོང་བྱེད་དགོས།
(20) སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་གོང་སྤེལ་འཆར་འགོད་ཀྱི་འཐབ་ཇུས་ཕྱོགས་སྟོན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་དང་། རིན་གོང་། ལས་ཞུགས། འཛད་སྤྱོད། དངུལ་འཇོག ཉོ་ཚོང་། ས་ཁོངས། ཁོར་ཡུག་སྲུང་སྐྱོབ། ལྟ་སྐུལ་དོ་དམ་སོགས་ཀྱི་སྲིད་ཇུས་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ཏེ། ནང་མཁོས་གཙོ་ཁྲིད་དང་། འཛད་སྤྱོད་ཀྱིས་སྐུལ་ཁྲིད། ནང་སྐྱེས་ཀྱིས་འཕར་སྣོན་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་དཔེ་དབྱིབས་སྔར་ལས་མང་བ་ཆགས་པར་སྐུལ་སྤེལ་གཏོང་དགོས། འཁོར་ཡུན་ལུགས་ལྡོག་དང་འཁོར་ཡུན་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱུན་མཐུད་ངང་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། སྔོན་དཔག་བརྟན་པོ་བཅས་བྱེད་དགོས། སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ་དང་། སྲིད་ཇུས་ལག་བསྟར་བྱས་འབྲས་ལ་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་དོ་དམ་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་བྱས་འབྲས་དཔྱད་ཞིབ་ལེགས་སྒྱུར་བཅས་བྱེད་དགོས།
དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ནོར་སྲིད་ཀྱི་རྒྱུན་མཐུད་ཐུབ་པའི་རང་བཞིན་ཆེ་རུ་གཏོང་དགོས། ནོར་སྲིད་ལ་ཚན་རིག་དང་མཐུན་པའི་དོ་དམ་བྱེད་པར་ཤུགས་རྒྱག་པ་དང་། ནོར་སྲིད་ཐོན་ཁུངས་དང་སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་རྒྱག་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གནད་ཆེན་དང་གཞི་རྩའི་དམངས་འཚོར་ནོར་ཤུགས་ཀྱིས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་མེད་སྔོན་རྩིས་སྒྱུར་བཅོས་ཟབ་སྤེལ་དང་། སྔོན་རྩིས་བགོ་བཤའི་དབང་ཆ་གཅིག་གྱུར། ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྱུར། སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་ལ་ཤུགས་རྒྱག་པ་བཅས་བྱེད་དགོས། ས་གནས་དཔྱ་ཁྲལ་དང་ཐད་ཀའི་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཉེར་སྐྱོང་གི་ཐོབ་ཆ་དང་། མ་རྩའི་ཐོབ་ཆ། རྒྱུ་ནོར་གྱི་ཐོབ་ཆ་བཅས་ཀྱི་ཁྲལ་བསྡུའི་སྲིད་ཇུས་ཆ་ཚང་དུ་གཏོང་བ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། ལུགས་མཐུན་གྱི་སྤྱི་ཁོག་ཁྲལ་འཁྲིའི་ཆུ་ཚད་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་དོན་གཅོད་དབང་ཆར་འོས་འཚམ་གྱིས་ཤུགས་རྒྱག་པ་དང་ཀྲུང་དབྱང་ནོར་སྲིད་ཀྱི་གཏོང་སྒོའི་བསྡུར་ཚད་འོས་འཚམ་གྱིས་མཐོ་རུ་གཏོང་དགོས། ས་གནས་ཀྱི་རང་བདག་ནོར་ཤུགས་འཕར་སྣོན་གཏོང་དགོས། ནོར་རྩིས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་མཐུན་ཡིན་པའི་སྲིད་གཞུང་གི་བུ་ལོན་ལ་དོ་དམ་བྱེད་པའི་ཡུན་ཕན་ལམ་སྲོལ་གང་མགྱོགས་འཛུགས་དགོས།
དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་བརྟན་བརླིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་མ་ལག་དང་ཕྱོགས་ཡོངས་ཁེབས་པའི་སྤྱི་ཁོག་གཟབ་ནན་གྱི་དོ་དམ་མ་ལག་འཛུགས་པ། དངུལ་ལོར་སྲིད་ཇུས་བརྒྱུད་འདྲེན་ལམ་སྲོལ་བཀག་མེད་བཟོ་བ་བཅས་བྱེད་དགོས། ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་ཀའི་དངུལ་རྩ་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། མ་རྩའི་ཚོང་རའི་ལམ་ལུགས་ཀྱི་ཁོང་ཡངས་རང་བཞིན་དང་མཐུན་འཕྲོད་རང་བཞིན་ཆེ་རུ་གཏོང་བ་དང་། དངུལ་འཇོག་དང་དངུལ་སྡུད་ཕན་ཚུན་མཐུན་སྦྱོར་ཡིན་པའི་མ་རྩའི་ཚོང་རའི་བྱེད་ནུས་ཆ་ཚང་དུ་གཏོང་དགོས། རྐང་དབང་དང་བུན་འཛིན་སོགས་ཐད་ཀའི་དངུལ་སྡུད་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། དུས་བཅད་ཚོང་ཟོག་དང་། མཆེད་འཕེལ་ཐོན་རྫས། རྒྱུ་ནོར་བཅས་འཛིན་ལོར་ཅན་དུ་བརྟན་པོའི་ངང་འཕེལ་རྒྱས་གཏོང་དགོས། དངུལ་རྩའི་སྒྲིག་གཞིའི་མ་ལག་ལེགས་སྒྱུར་བྱས་ཏེ་དངུལ་རྩའི་སྒྲིག་གཞི་རིགས་ཁག་གིས་གཙོ་ལས་ལ་རྩེ་གཅིག་ཏུ་གཞོལ་བ་དང་། བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། གནས་འཛོལ་གོང་འཕེལ་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ནུས་ཆེའི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། གྲངས་ཀའི་དམངས་སྒོར་བརྟན་པོའི་ངང་འཕེལ་རྒྱས་གཏོང་དགོས། ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ལྟ་སྐུལ་དོ་དམ་ལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་སེལ་བ་དང་ཐག་གཅོད་བྱེད་པའི་ཐོན་ཁུངས་དང་ཐབས་བཀོད་ཕུན་སུམ་ཚོགས་སུ་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་བའི་མ་ལག་འཛུགས་པ་བཅས་བྱས་ཏེ་དངུལ་རྩ་བརྟན་བརླིང་སྐྱོན་བྲལ་ངང་འཁོར་སྐྱོད་ཡོང་བར་འགན་སྲུང་བྱེད་དགོས།
བདུན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་བཏང་ནས་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་དགོས།
སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་བླང་བྱ་ཡིན། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེ་རུ་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་གི་སྒྲིག་སྲོལ་སྲུང་སྐྱོང་དང་། རྒྱལ་སྤྱིའི་རེས་འཁོར་བྱེད་ཁྱོན་ཆེ་རུ་གཏོང་བ། སྒོ་མོ་འབྱེད་པར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས།
(21) རང་བརྟེན་སྒོ་འབྱེད་ཧུར་ཐག་གིས་རྒྱ་ཆེར་གཏོང་དགོས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་སྦྲེལ་མཐུད་བྱས་ཏེ། ཞབས་ཞུའི་ལས་རིགས་གཙོ་གནད་དུ་བཟུང་ནས་ཚོང་རར་ཞུགས་འཐུས་དང་སྒོ་འབྱེད་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། ཕྱོགས་རྐྱང་སྒོ་འབྱེད་ཁྱབ་ཁོངས་དང་ས་ཁོངས་རྒྱ་སྐྱེད་གཏོང་དགོས། ས་ཁོངས་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་འཇོག་གི་གྲོས་མཐུན་འཇོག་པའི་འཕེལ་རིམ་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་རྒྱ་སྐྱེད་གཏོང་དགོས། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་བྱས་ཏེ་དཔེ་རྣམ་སྣ་མང་གི་སྒོ་འབྱེད་མཐོ་ས་སྐྲུན་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་རིམ་སྤར་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་དགོས། ཚན་རྩལ་གསར་གཏོད་དང་། ཞབས་ཞུ་ཉོ་ཚོང་། ཐོན་ལས་འཕེལ་རྒྱས་སོགས་སྒོ་འབྱེད་མཉམ་ལས་ཀྱི་ལས་སྟེགས་གནད་ཆེན་གཅིག་འདོམས་ཀྱིས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས། དམངས་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མ་རྩའི་ལས་གཞི་སྒོ་འབྱེད་ཆུ་ཚད་མཐོ་རུ་བཏང་སྟེ། རང་བདག་དང་ཚོད་འཛིན་ཐུབ་པའི་དམངས་སྒོར་རྒྱལ་མཚམས་བརྒལ་བའི་གཏོང་སྤྲོད་མ་ལག་འཛུགས་སྐྲུན་བྱེད་དགོས། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་དངུལ་རྩ་བཅོས་སྐྱོང་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། དྲང་སྙོམས་དྲང་གཞག་དང་། སྒོ་འབྱེད་ཁོང་ཡངས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་འཛུགས་པ་དང་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།
(22) ཉོ་ཚོང་གསར་གཏོད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ཕྱོད་མཉམ་འདེགས་ཡོང་བར་སྐུལ་སྤེལ་བཏང་ནས་ཉོ་ཚོང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ཚོང་ར་སྣ་མང་ཅན་དང་ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དངོས་ཟོག་ཉོ་ཚོང་ལེགས་སྒྱུར་རིམ་སྤར་དང་། བར་རྫས་ཉོ་ཚོང་དང་ལྗང་མདོག་ཉོ་ཚོང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཕྱིར་གཏོང་ནང་འདྲེན་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞབས་ཞུ་ཕྱིར་གཏོང་བྱེད་པར་བསྔགས་སྐུལ། རྒྱལ་མཚམས་བརྒལ་བའི་ཞབས་ཞུ་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཞབས་ཞུ་ཉོ་ཚོང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གྲངས་ཀའི་ཉོ་ཚོང་གསར་གཏོད་དང་འཕེལ་རྒྱས་བཏང་སྟེ་གྲངས་ཀའི་ཁྱབ་ཁོངས་གོ་རིམ་ལྡན་པར་སྒོ་འབྱེད་རྒྱ་སྐྱེད་གཏོང་དགོས། ཉོ་ཚོང་ལ་སྐུལ་སྤེལ་གཏོང་བའི་ལས་སྟེགས་བྱེད་ནུས་ཆེ་རུ་བཏང་ནས་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཕྱིར་གཏོང་བཀག་སྡོམ་དང་བདེ་འཇགས་ཞིབ་བཤེར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
(23) ཕྱོགས་གཉིས་དངུལ་འཇོག་མཉམ་ལས་ཀྱི་བར་མཐོངས་རྒྱ་སྐྱེད་གཏོང་དགོས། ཕྱི་རྒྱལ་གྱི་མ་དངུལ་འགུག་པའི་དགེ་མཚན་གསར་པ་གཏོད་པ་དང་། “ཞུགས་འཐུས་དང་གཉེར་ཆོག”དོན་འཁྱོལ་ཡག་པོ་བྱེད་པ། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཉུང་དུ་གཏོང་བ་བཅས་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་རྒྱལ་ནང་དུ་ཡང་བསྐྱར་འཇོག་པར་སྐུལ་སྤེལ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཞབས་ཞུའི་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ་དང་། རྒྱལ་དམངས་ཀྱི་ཐོབ་ཐང་ཕྱོགས་ཡོངས་ནས་དོན་འཁྱོལ། གཞི་གྲངས་ནུས་ཆེ་དང་། སྟབས་བདེ། བདེ་འཇགས་བཅས་ཀྱི་སྒོ་ནས་རྒྱལ་མཚམས་བརྒལ་ཏེ་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱི་གསལ་ནང་གསལ་དང་། བརྟན་བརླིང་། སྔོན་དཔག་ཐུབ་པ་བཅས་ཀྱི་ལམ་ལུགས་ཁོར་ཡུག་སྐྲུན་དགོས། ཕྱི་ཕྱོགས་ལ་མ་དངུལ་འཇོག་པར་དོ་དམ་ནུས་ལྡན་བྱེད་པ་དང་། རྒྱལ་ཕྱིའི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ། ཉོ་ཚོང་དངུལ་འཇོག་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་རྒྱལ་མཚམས་བརྒལ་བའི་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།
(24) སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་དགོས། མཉམ་སྐྲུན་རྒྱལ་ཁབ་དང་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་རྒྱག་པ་དང་། མཉམ་ལས་འཆར་འགོད་ལ་གཅིག་འདོམས་ཀྱིས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་པའི་སྦྲེལ་མཐུད”དང་། སྒྲིག་སྲོལ་ཚད་གཞིའི“མཉེན་པའི་སྦྲེལ་མཐུད”དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་མི་དམངས་དང་“སེམས་པ་སྦྲེལ་མཐུད”བཅས་ཟབ་སྤེལ་བྱེད་པ་དང་། ལངས་གཟུགས་ཀྱི་གཅིག་ལ་གཅིག་སྦྲེལ་གྱི་དྲ་རྒྱའི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གནད་ཆེན་དང“ཆུང་ཞིང་མཛེས་པའི”དམངས་འཚོའི་ལས་གཞི་འཛུགས་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ)བར་གྱི་རེས་སྐྱོད་མེ་འཁོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ནུབ་རྒྱུད་ཀྱི་སྐམ་མཚོའི་རྒྱུ་ལམ་གསར་པ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། ཉོ་ཚོང་དང་། དངུལ་འཇོག ཐོན་ལས། མི་ཆོས་བཅས་ཀྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་དང་། མིས་བཟོས་རིག་ནུས། གྲངས་ཀའི་དཔལ་འབྱོར། འཕྲོད་བསྟེན་བདེ་ཐང་། ཡུལ་སྐོར། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་དགོས། སྣ་མང་ཅན་དང་། རྒྱུན་མཐུད་ཐུབ་པ། ཉེན་ཁ་ཚོད་འཛིན་ཐུབ་པ་བཅས་ཀྱི་དངུལ་འཇོག་དངུལ་སྡུད་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་ཕྱིའི་ཁེ་ཕན་སྲུང་སྐྱོབ་བྱེད་པར་ཤུགས་རྒྱག་དགོས།
བརྒྱད། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་རྒྱུ་སྤུས་ལ་འབྲེལ་བ་ཡོད། “ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་འཚོ་བའི་ཆ་རྐྱེན་འཛོམས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་གང་མགྱོགས་འཛུགས་སྐྲུན་བྱེད་དགོས།
(25) ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། ཐོན་འབོར་ཐོན་ནུས་དང་། ཐོན་སྐྱེད་སྐྱེ་ཁམས། ཐོན་འཕར་འབབ་འཕར་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་ཞིང་ལས་དང་། ལྗང་མདོག་ཞིང་ལས། སྤུས་ཚད་ཞིང་ལས། སྤུས་རྟགས་ཞིང་ལས་བཅས་གཅིག་འདོམས་ཀྱིས་འཕེལ་རྒྱས་བཏང་སྟེ། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་སྐྲུན་དགོས། རེབ་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་ཕྲག་ཐོན་ནུས་མཐོར་འདེགས་བྱེད་སྒོ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་འདོན་སྤྲོད་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། རྨོ་ཞིང་གི་དམར་ཐིག་དམ་སྲུང་དང་། བཟུང་གསབ་དོ་མཉམ་ཡོང་བར་དོ་དམ་ནན་པོ། ཞིང་སྤྱོད་ས་ཆའི་བཀོད་པ་ལེགས་སྒྱུར་ཡོང་བར་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ས་ནག་སྲུང་སྐྱོབ་དང་ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པར་ཤུགས་བརྒྱབ་སྟེ་རྨོ་ཞིང་གི་སྤུས་ཚད་མཐོར་འདེགས་གཏོང་དགོས། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩེར་སོན་རིག་ནུས་དང་རི་མ་ཐང་དུ་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྨོ་ཞིང་བཟང་པོ་དང་། ས་བོན་བཟང་པོ། འཕྲུལ་ཆས་བཟང་པོ། ཐབས་ཤེས་བཟང་པོ་བཅས་གཅིག་སྡུད་ཀྱིས་ཐོན་འཕར་ཡོང་བར་སྐུལ་སྤེལ་གཏོང་དགོས། ཞིང་ལས་དང་། ནགས་ལས། ཕྱུགས་ལས། ཉ་ལས་བཅས་མཉམ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དེང་རབས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་བཏང་སྟེ། ཟས་རིགས་འདོན་སྤྲོད་མ་ལག་སྣ་མང་ཅན་འཛུགས་དགོས། ནགས་འདབས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ནགས་ཚལ་དང་རྩྭ་ཐང་ཐོན་ལས་སྟོབས་ཆེར་གཏོང་དགོས། ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་གཏན་འཇགས་སུ་གཏོང་བ་དང་། འགན་གཙང་ལེན་ཡུན་རེབ་གཉིས་པའི་དུས་ཚད་ཐིམས་རྗེས་ཡང་བསྐྱར་ལོ་སུམ་ཅུའི་རིང་ནར་འགྱངས་གཏོང་བའི་ཚོད་ལྟ་བྱེད་གནས་བརྟན་པོའི་ངང་སྤེལ་དགོས། གཞི་ཁྱོན་འོས་འཚམ་ལྡན་པའི་ཞིང་ལས་གཉེར་སྐྱོང་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་གོང་དུ་འཕེལ་བའི་སྤུས་ཚད་མཐོ་རུ་གཏོང་བ། སྟབས་བདེ་ནུས་ཆེའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་དུད་ཆུང་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་སྦྲེལ་མཐུད་དམ་ཚགས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས།
(26) གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རིགས་དབྱེ་རིམ་ལྡན་དང་ཡུག་ཁུལ་ཅན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡོང་ཚད་དང་། སྤྱི་པའི་ཞབས་ཞུ་སྟབས་བདེ་ཡོང་ཚད། མི་སྡོད་ཁོར་ཡུག་སྐྱིད་སྣང་ལྡན་ཚད་བཅས་རིམ་བཞིན་མཐོ་རུ་གཏོང་དགོས། གྲོང་ཚོ་དང་གྲོང་རྡལ་གྱི་བཀོད་པ་གཅིག་འདོམས་ཀྱིས་ལེགས་སྒྱུར་བྱས་ཏེ། རྫོང་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དུ་འཆར་འགོད་འཛུགས་སྐྲུན་དོ་དམ་བདག་སྐྱོང་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཀྱི་རྒྱལ་ཁབ་མངའ་ཁོངས་བར་མཐོངས་བཅོས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་བརྟན་པོའི་ངང་སྤེལ་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་བཅོས་སྒྲིག་དང་མཐོར་འདེགས་གཏོང་བ། ལྕགས་གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་དང་གད་སྙིགས་ཀྱིས་གྲོང་ཚོ་བསྐོར་བ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་གང་མགྱོགས་གསབ་པ་བཅས་བྱས་ཏེ། གྲོང་གསེབ་ཀྱི་སྤུས་ལེགས་འཚོ་བའི་བར་མཐོངས་གསར་དུ་སྐྲུན་དགོས། རང་རང་གི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཀྱི་བྱེད་ནུས་སྣ་མང་གསར་སྤེལ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་སྤེལ་གཏོང་དགོས།
(27) ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཕན་ནུས་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱིས་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་དང་། དངུལ་རྩ་གཙོ་གནད་དུ་ཕྱོགས་པ། སྤྱི་ཚོགས་ཧུར་ཐག་གིས་ཞུགས་པ་བཅས་ཀྱི་སྣ་མང་གཏོང་འཇོག་རྣམ་པ་ཆ་ཚང་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་མ་དངུལ་གཏོང་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། ཞིང་པའི་ཞིང་གཉེར་འབྲུ་འདེབས་ཀྱི་བརྩོན་སེམས་སྲུང་སྐྱོབ་དང་སྐུལ་སློང་བྱས་ཏེ། རིན་གོང་དང་། ཁ་གསབ། འགན་བཅོལ་སོགས་སྲིད་ཇུས་ཐད་ཀྱི་རྒྱབ་སྐྱོར་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་ཐོན་ཚོང་ཁུལ་གྱི་ཞིང་ཆེན་བར་འཕྲེད་ཕྱོགས་ཁེ་ཕན་ཁ་གསབ་ལག་བསྟར་བྱེད་དགོས། འབྲུ་རིགས་ཚུར་ཉོ་ཕར་འཚོང་དང་གསོག་འཇོག་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་ནང་འདྲེན་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་ཐོན་སྐྱེད་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་སྤེལ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདག་རྐྱེན་ཕྱོགས་གཉིས་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ་དང་། རིགས་ཁག་གི་ཤེས་ལྡན་མི་སྣས་གྲོང་གསེབ་ཏུ་ཞབས་ཞུ་དང་ལས་གཏོད་ལས་ཞུགས་བྱེད་པར་བསྔགས་སྐུལ་བྱེད་དགོས། གྲོང་གསེབ་ཀྱི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་དང་། བེད་མེད་དུ་བསྐྱུར་བའི་ས་ཞིང་དང་ཁང་པ་ཁྲིམས་ལྟར་འཁྲུག་གཏོང་དང་བེད་སྤྱོད་ཡག་པོ་བྱེད་པ། གྲོང་གསེབ་འཕེལ་རྒྱས་ལ་མཁོ་བའི་ས་ཆ་རིགས་དབྱེ་འགན་སྲུང་བཅས་བྱེད་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་དཔེ་གསར་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།
དབུལ་ལོག་དབུལ་འགྱུར་རྒྱུན་རྣམ་ཅན་དུ་བཀག་འགོག་བྱེད་པའི་ལམ་སྲོལ་གཅིག་འདོམས་ཀྱིས་འཛུགས་པ་དང་། དབུལ་སྐྱོར་གནད་འཁེལ་ཡོང་བ་རྒྱུན་འཁྱོངས། མཐའ་སྐྱོར་རྣམ་པའི་འགན་སྲུང་འཐུས་ཚང་དུ་གཏོང་བ། གསར་སྤེལ་རྣམ་པའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ། དར་རྒྱས་ཞན་པའི་ས་ཁུལ་ལ་རིགས་དང་རིམ་པ་བཀར་ནས་རོགས་སྐྱོར་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཆ་ཚང་དུ་གཏོང་བ་བཅས་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་འབྱུང་བའི་འགན་ལེན་ཏན་ཏིག་བྱེད་དགོས།
དགུ། ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་བྱས་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས།
ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་གནས་བླང་བྱ་ཡིན། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་གནད་ཆེན་འཐབ་ཇུས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་འཐབ་ཇུས་བཅས་སྣོལ་བརྩེགས་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གནད་ཆེན་གྱི་བཀོད་པ་ལེགས་སྒྱུར་བྱེད་པ། གཙོ་གནད་ས་ཁོངས་ཀྱི་འཕར་སྣེའི་ནུས་པ་འདོན་པ་བཅས་བྱས་ཏེ། དགེ་མཚན་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁབ་མངའ་ཁོངས་བར་མཐོངས་གི་མ་ལག་འཛུགས་དགོས།
(28) ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོར་རྣམ་པ་གསར་པ་ཆགས་པ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཐོད་བརྒལ་གསར་པ་ཡོང་བ། དབུས་རྒྱུད་ས་ཁུལ་དར་རྒྱས་མགྱོགས་པོ་ཡོང་བ། ཤར་རྒྱུད་ས་ཁུལ་གྱིས་དེང་རབས་ཅན་སྐུལ་འདེད་གང་མགྱོགས་གཏོང་བ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཤར་དབུས་ནུབ་གསུམ་དང་ལྷོ་བྱང་ཕྱོགས་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། པེ་ཅིན་དང་། ཐེན་ཅིན། ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་གླིང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཞུང་ཨན་ཁུལ་གསར་དེང་རབས་ཅན་གྱི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཕེལ་རྒྱས་ནུས་རིམ་མཐོར་འདེགས་གཏོང་དགོས། ས་གནས་ཁག་གིས་བལྟོས་བཅས་ཀྱི་དགེ་མཚན་འདོན་སྤེལ་དང་སོ་སོའི་ཁྱད་ཆོས་མངོན་པར་བསྔགས་སྐུལ་བྱེད་པ་དང་། དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་འགན་གཙོ་བོ་འཁུར་བར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་སྟོན་དགོས། ཁྱད་ཡོད་ཅན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་སོགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས།
(29) ས་ཁོངས་མཉམ་འགུལ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། ས་ཁོངས་ལས་བརྒལ་བ་དང་འབབ་རྒྱུད་ལས་བརྒལ་བའི་རྒྱུ་ལམ་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གཅིག་ལ་གཅིག་སྦྲེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་གྲོང་ཁྱེར་ཁྱུ་ཚོགས་མཐུན་སྦྱོར་མཉམ་འགུལ་ངང་འཕེལ་རྒྱས་ཡོང་བར་ཤུགས་རྒྱག་པ་དང་། ས་ཁོངས་ཀྱི་གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་ནུས་ཆེ་མཉམ་སྒྲུབ་ཡོང་བར་སྐུལ་སྤེལ་གཏོང་དགོས། འབྲི་ཆུའི་བར་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་སོགས་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་འགའ་ཤས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ས་ཁོངས་བརྒལ་བའི་སྦྲེལ་མཐུད་ཅན་ས་ཁུལ་གྱི་འདེགས་སྐྱོར་སྐུལ་ཁྲིད་ནུས་པ་སྔར་ལས་ལེགས་པ་འདོན་དགོས། སྲིད་འཛིན་ཁུལ་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ས་ཁོངས་བར་གྱི་འཆར་འགོད་གཅིག་འདོམས་དང་། ཐོན་ལས་མཉམ་སྒྲུབ། ཁེ་ཕན་མཉམ་སྤྱོད་སོགས་ཀྱི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། འབབ་རྒྱུད་དཔལ་འབྱོར་སོགས་ཀྱི་དཔེ་དབྱིབས་རྒྱ་སྐྱེད་གཏོང་དགོས།
(30) རྒྱལ་ཁབ་མངའ་ཁོངས་བར་མཐོངས་ཀྱི་འཕེལ་རྒྱས་རྣམ་པ་ལེགས་སྒྱུར་བྱེད་དགོས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་ཅན་གྱི་ས་ཁུལ་དང་། ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་བཅས་ཀྱི་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་མཐའ་འཁྱོངས་དང་། དམིགས་བསལ་བྱེད་ནུས་ཁུལ་གཏན་འཁེལ་ཞིབ་ཕྲ་བྱེད་པ། རྒྱབ་སྐྱོར་སྲིད་ཇུས་དང་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། འཐབ་ཇུས་རང་བཞིན་གྱི་ཐོན་ལས་དང་ནུས་ཁུངས་ཐོན་ཁུངས་རྟེན་གཞི་སོགས་ཀྱི་བཀོད་པ་ལེགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་མངའ་ཁོངས་བར་མཐོངས་འཆར་འགོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལེགས་སྒྱུར་རྨོ་ཞིང་དང་གཏན་ཆགས་ཀྱི་གཞི་རྩའི་ས་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་མཐའ་མཚམས་སོགས་ཚོད་འཛིན་མཚམས་ཐིག་དོན་འཁྱོལ་བྱེད་པ། ཁུལ་དབྱེ་རིགས་དབྱེའི་སྒོ་ནས་དབྱེ་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་སྤྱོད་སྒོ་རྩིས་སྤྲོད་དོ་དམ་ལག་བསྟར་བཅས་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་ལ་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གཅིག་གྱུར་འཆར་འགོད་བྱ་རྒྱུའི་རང་བདག་དབང་ཆ་སྔར་ལས་ཆེན་པོ་སྤྲོད་པ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་སྤྱི་འབོར་དེ་འཆར་འགོད་ཀྱི་དུས་བཅད་ལྟར་དོ་དམ་ཚོད་འཛིན་བྱེད་པའི་དཔེ་དབྱིབས་འཚོལ་ཞིབ་དང་ལག་ལེན་བྱེད་པ་དང་། བསགས་འབོར་དང་འཕར་འབོར་གཅིག་འདོམས་བྱས་ཏེ་ཕྱོགས་བསྡུས་ཀྱིས་ས་ཆ་འདོན་སྤྲོད་བྱེད་དགོས།
(31) མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་པར་སྒྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱུན་སྡོད་གནས་ཡུལ་ནས་ཐེམ་ཐོ་འགོད་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། ཚད་བརྒལ་གྲོང་ཁྱེར་དང་གྲོང་ཁྱེར་ཆེན་པོའི་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་ཁྱུ་ཚོགས་གཞི་གཅིག་ཅན་དང་གྲོང་ཁྱེར་ཆེན་པོའི་མུ་ཁྱུད་གྲོང་ཁྱེར་གཅིག་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་བ། གྲོང་ཁྱེར་གྱི་གཞི་ཁྱོན་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་ཞིབ་གཉེར་ལེགས་བསྡུས་བཀོད་པར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། རྫོང་མཁར་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་རིགས་དབྱེ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། གྲོང་ཁྱེར་རང་མཚན་ཅན་དུ་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་དང་། གྲོང་ཁྱེར་གསར་སྒྱུར་ལག་བསྟར་ཤུགས་ཆེན་བྱས་ཏེ། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག ལྡེམ་གཤིས། ཤེས་དཔལ། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས། མཐའ་མཚམས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
(32) རྒྱ་མཚོ་གསར་སྤེལ་བེད་སྤྱོད་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐམ་མཚོ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱ་མཚོར་ཇུས་གཤོམ་བྱེད་ནུས་ཆེ་རུ་གཏོང་བ། རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། རྒྱ་མཚོའི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་མཚོའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་དགེ་མཚན་སྲ་བརྟན་དང་མཐོར་འདེགས་གཏོང་བ། རྒྱ་མཚོའི་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། དེང་རབས་ཀྱི་མཚོ་ཐོག་སྐྱེལ་འདྲེན་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། རྒྱ་མཚོར་བརྟག་དཔྱད་དང་ཞིབ་དཔྱད་ཚད་ལེན་བྱེད་པ་དང་། རྒྱ་མཚོའི་ནུས་ཁུངས་ཐོན་ཁུངས་དང་མཚོ་ཁོངས་མཚོ་གླིང་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། གཙོ་གནད་མཚོ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཚོ་གཏིང་དང་གླིང་སྣེའི་རྟོག་ཞིབ་ལ་འདེགས་སྐྱོར་འགན་སྲུང་བྱེད་པའི་མ་ལག་ཤུགས་ཆེར་གཏོང་དགོས། རྒྱ་མཚོའི་ཁེ་དབང་དང་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་མཚོ་ཐོག་ཁྲིམས་བསྟར་དང་མཚོ་དོན་ཁྲིམས་འཛིན་ནུས་པ་མཐོ་རུ་གཏོང་དགོས།
བཅུ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས།
རིག་གནས་དར་རྒྱས་གོང་འཕེལ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྟོན་གནས་བབ་རྒྱུན་འཁྱོངས་དང་། རྒྱ་ཆེ་གཏིང་ཟབ་ཀྱི་ཀྲུང་ཧྭའི་ཤེས་དཔལ་ལ་རྩ་བ་ཚུགས་པར་བྱེད་ཅིང་། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ཏེ། བསམ་བློ་སྣེ་ཁྲིད་བྱེད་ནུས་དང་། བསམ་པ་གོང་བུར་འགྲིལ་ནུས། རིན་ཐང་གི་ཡིད་སེམས་འགུག་ནུས། རྒྱལ་སྤྱིའི་ཤུགས་རྐྱེན་གཏོང་ནུས་བཅས་ཆེན་པོ་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་ནས་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
(33) སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭ་གསར་གཏོད་དང་ལག་བསྟར་བྱས་ནས་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་གང་མགྱོགས་འཛུགས་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་རིག་གནས་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་དང་། རིག་གནས་ཀྱིས་བློ་སྟོབས་འཕེལ་བ་དང་ཀུན་སྤྱོད་སྐྱོང་བའི་ནུས་པ་བཏོན་ཏེ། མི་རིགས་ཡོངས་ཀྱི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་སྙིང་སྟོབས་སྤེལ་དགོས། ཡིད་རྟོན་རིག་གནས་དང་སྤྱོད་གཙང་རིག་གནས་དར་སྤེལ་གཏོང་དགོས། བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་དང་། སློབ་རའི་རིག་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བཅས་བྱས་ནས། གཞོན་ནུ་ལོ་ཆུང་ལ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་བར་ཤུགས་རྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས་མི་དམངས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་མཐོར་འདེགས་གཏོང་དགོས། དྲ་རྒྱའི་ནང་དོན་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་རྒྱག་དགོས། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་རིག་གནས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་དགོས།
(34) རིག་གནས་བྱ་གཞག་དར་རྒྱས་ཤུགས་ཆེན་གཏོང་དགོས། རིག་གནས་སྐྱེ་ཁམས་བཟང་པོ་སྐྲུན་པ་དང་། རིག་གནས་ཀྱི་ཐོག་མའི་གསར་གཏོད་ནུས་པ་མཐོར་འདེགས་བཏང་ནས་གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ་སོགས་ཁྱབ་ཁོངས་ཀྱི་སྤུས་དག་གསར་རྩོམ་ལ་སྐུལ་འདེད་གཏོང་དགོས། གཞི་ཁྱོན་ཆེ་བ་དང་། གྲུབ་ཚུལ་ལུགས་མཐུན། བློ་བརྟན་གསར་གཏོད་བཅས་ཀྱི་ཆུ་ཚད་མཐོ་བའི་རིག་གནས་ཤེས་ལྡན་མི་སྣའི་དཔུང་ཁག་སྐྱེད་སྲིང་བྱས་ནས་ཆགས་པར་བྱེད་དགོས། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། མཉམ་སྦྲེལ་དྲ་རྒྱའི་ཆ་རྐྱེན་འོག་མང་ཚོགས་ཀྱི་རིག་རྩལ་གསར་པ་དར་རྒྱས་གཏོང་དགོས། གཙོ་རྒྱུག་སྨྱན་སྦྱོར་མ་ལག་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་གཏོང་བ་དང་། གསར་འགྱུར་དྲིལ་བསྒྲགས་དང་དྲ་རྒྱའི་གླེང་ཕྱོགས་གཞི་གཅིག་ཅན་དུ་དོ་དམ་བྱེད་པར་སྐུལ་འདེད་གཏོང་བ། གཙོ་རྒྱུག་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས་རིག་གནས་ཤུལ་བཞག་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་། སྲང་ཁུལ། གྲོང་ཚོ་དང་གྲོང་རྡལ་བཅས་སྲུང་སྐྱོབ་ནུས་ལྡན་དང་གསོན་རྣམ་རྒྱུན་འཛིན་བྱེད་པར་ཤུགས་རྒྱག་དགོས། རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཀྲུང་ཧྭའི་ཤེས་དཔལ་མཚོན་རྟགས་མ་ལག་འཛུགས་དགོས། རིག་གནས་དམངས་ཕན་རྒྱུན་འཁྱོངས་བྱས་ཏེ་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཕྱོད་མཉམ་འདེགས་བྱ་སྤྱོད་ལག་བསྟར་བྱེད་དགོས། དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མང་ཚོགས་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་འགྲོ་བར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ་ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས།
(35) རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། རིག་གནས་དོ་དམ་སྒྲིག་སྲོལ་དང་ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རིག་གནས་ཐོན་ལས་མ་ལག་དང་ཚོང་རའི་མ་ལག་ཆ་ཚང་དུ་གཏོང་བ་དང་། ཕུལ་བྱུང་རིག་གནས་ཁེ་ལས་དང་སྤུས་རྟགས་སྐྱེད་སྲིང་། དེ་བཞིན་རིག་གནས་ཐོན་ལས་ཀྱི་ལས་གཞི་གནད་ཆེན་གྱིས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར། དགེ་མཚན་ལྡན་པའི་རིག་གནས་དཔལ་འབྱོར་སྲིད་ཇུས་ལག་བསྟར་བཅས་བྱེད་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་འཛུགས་སྐྲུན་རིག་གྲངས་ཅན་གྱི་ནུས་སྩོལ་དང་ཆ་འཕྲིན་ཅན་གྱི་རིགས་སྒྱུར་ལ་སྐུལ་འདེད་བཏང་ནས་རིག་གནས་ལས་རྣམ་དཔེ་གསར་འཕེལ་རྒྱས་གཏོང་དགོས། དྲ་རྒྱའི་རྩོམ་རིག་དང་། དྲ་རྒྱའི་རོལ་རྩེད། དྲ་རྒྱའི་ལྟ་ཉན་སོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་དང་ཚད་ལྡན་དུ་བཏང་ནས་ལོ་ན་མ་སོན་པའི་སྐྱེ་བོར་དྲ་རྒྱའི་སྲུང་སྐྱོབ་བྱེད་པའི་ཐད་ཤུགས་རྒྱག་དགོས། ཡུལ་སྐོར་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཡུལ་སྐོར་ཐོན་རྫས་སྤུས་ལེགས་འདོན་སྤྲོད་བྱེད་པའི་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་སྟབས་བདེ་ཅན་དང་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རིག་གནས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ནུས་པ་སྩོལ་དགོས།
(36) ཀྲུང་ཧྭའི་ཤེས་དཔལ་སྒྲོག་སྤེལ་བྱེད་ནུས་དང་ཤུགས་རྐྱེན་གཏོང་ནུས་མཐོར་འདེགས་གཏོང་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྒྲོག་སྤེལ་གཞི་རྟེན་དང་བྱེད་སྟངས་གསར་གཏོད། གཙོ་གནད་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་རྒྱུག་སྨྱན་སྦྱོར་གྱི་རྒྱལ་སྤྱིའི་སྒྲོག་སྤེལ་བྱེད་ནུས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་གཏམ་དབང་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། ཀྲུང་གོའི་གཏམ་རྒྱུད་ཡག་པོར་ཤོད་པ་བཅས་བྱས་ནས་བློས་འཁེལ་ལ་གཅེས་སུ་འོས་ཤིང་གུས་པར་འོས་པའི་ཀྲུང་གོའི་སྣང་བརྙན་མངོན་པར་བྱེད་དགོས། ས་ཁོངས་རྒྱལ་ཁབ་ཞིབ་འཇུག་བྱེད་པར་ཤུགས་རྒྱག་པ་དང་། རྒྱལ་སྤྱིའི་སྒྲོག་སྤེལ་ཕན་ནུས་མཐོར་འདེགས་གཏོང་དགོས། ཤེས་དཔལ་སྤེལ་རེས་སློབ་རེས་གཏིང་ཟབ་ཏུ་བཏང་ནས། རྒྱལ་སྤྱིའི་མི་ཆོས་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་བ་དང་། རིག་གནས་ཁེ་ལས་དང་ཕུལ་བྱུང་རིག་གནས་ཐོན་རྫས་སྔར་ལས་མང་བ་འཛམ་གླིང་དུ་སྐྱོད་པར་བསྔགས་སྐུལ་བྱེད་དགོས།
བཅུ་གཅིག དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགོ་རྩོམ་ས་དང་མཐའ་མཇུག་གི་འབབ་ས་ཡིན། གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱས་ཏེ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཐོག སྤྱི་ཚོགས་ཐོག་འཁོར་རྒྱུག་ཐབས་ལམ་ཐོགས་མེད་བདེ་བགྲོད་ཡོང་བར་བྱས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས།
(37) སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་སྤེལ་གཏོང་དགོས། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་ཞུགས་སྐུལ་སྤེལ་ལམ་སྲོལ་ཆ་ཚང་དུ་གཏོང་བ། མཛའ་མཐུན་ཅན་གྱི་ལས་ཞུགས་འཕེལ་རྒྱས་གཏོང་སྟངས་འཛུགས་པ་བཅས་བྱེད་དགོས། ཐོན་ལས་དང་ལས་ཞུགས་མཐུན་སྦྱོར་ཡོང་བར་ཤུགས་རྒྱག་པ་དང་། ལས་རིགས་གསར་པ་དང་ལས་གནས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། ཁེ་ལས་ཀྱི་གནས་བརྟན་གནས་སྐྱེད་ལ་རྒྱབ་སྐྱོར་བྱེད་དགོས། མི་ཤུགས་ཐོན་ཁུངས་སྤྲོད་མཁོ་འཚམ་མཐུན་ཡོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ཆ་ཚང་དུ་གཏོང་བ། ལས་འདེམས་དང་མི་བཀོལ་སྤྱོད་ཀྱི་འདུ་ཤེས་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་གང་ཐུབ་བྱེད་དགོས། ལས་ཞུགས་ལ་རྒྱབ་སྐྱོར་དང་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་བཏང་ནས་སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། ངལ་རྩོལ་གྱི་ཚད་གཞིའི་མ་ལག་དང་ངལ་རྩོལ་འབྲེལ་བའི་གྲོས་མོལ་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་དྲང་སྙོམས་དང་གོ་རིམ་ལྡན་པའི་ལས་ཞུགས་ཁོར་ཡུག་སྐྲུན་དགོས། ལས་ཞུགས་ཀྱི་ཤུགས་རྐྱེན་དཔྱད་དཔོག་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་བཅས་འཐུས་ཚང་དུ་གཏོང་བ་དང་། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་དང་ལག་རྩལ་གསར་པའི་འཕེལ་རྒྱས་ཀྱིས་ལས་ཞུགས་ལ་ཤུགས་རྐྱེན་གཏོང་བར་ཕྱོགས་བསྡུས་ཀྱིས་ཁ་གཏད་འཇལ་དགོས།
(38) ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་ཅིང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་དམངས་ཡོང་འབབ་བགོ་བཤའི་ཁྲོད་ཀྱི་སྡོད་དམངས་ཀྱི་ཡོང་འབབ་བསྡུར་ཚད་མཐོ་རུ་གཏོང་བ་དང་། ཐོག་མའི་བགོ་བཤའི་ཁྲོད་ཀྱི་ངལ་རྩོལ་ཐོབ་ཆའི་བསྡུར་ཚད་མཐོ་རུ་གཏོང་དགོས། བདག་རྐྱེན་སྣ་ཚོགས་ཀྱི་བྱས་རྗེས་ལ་ཚོང་རས་གདེང་འཇོག་བྱེད་པ་དང་། བྱས་རྗེས་ལ་གཞིགས་ནས་ཐོབ་ཆ་ཐག་གཅོད་བྱེད་པའི་ཐོག་མའི་བགོ་བཤའི་ལམ་སྲོལ་ཆ་ཚང་དུ་བཏང་ནས། མང་པོ་སྒྲུབ་མཁན་ལ་མང་ཙམ་ཐོབ་པ་དང་། ལག་རྩལ་ལྡན་མཁན་ལ་མང་ཙམ་ཐོབ་པ། གསར་གཏོད་བྱེད་མཁན་ལ་མང་ཙམ་ཐོབ་པ་བཅས་ཡོང་བར་སྐུལ་སྤེལ་གཏོང་དགོས། ངལ་རྩོལ་པའི་གླ་ཕོགས་ཐག་གཅོད་དང་། ལུགས་མཐུན་འཕར་སྣོན། གཏོང་སྤྲོད་འགན་སྲུང་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གླ་ཕོགས་ཐུན་མོང་ཐོག་གྲོས་མོལ་བྱེད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་བ། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། ཁེ་ལས་ཀྱི་གླ་ཕོགས་བགོ་བཤའི་ཐད་སྤྱི་ཁོག་ནས་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐབས་ལམ་མང་པོ་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས། ཁྲལ་བསྡུ་དང་སྤྱི་ཚོགས་འགན་སྲུང་དང་སྤོ་སྒྱུར་གཏོང་སྤྲོད་སོགས་བགོ་བཤའ་བསྐྱར་མ་ལེགས་སྒྲིག་བྱེད་པར་ཤུགས་རྒྱག་དགོས། སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་དང་ཚད་ལྡན་དུ་གཏོང་དགོས། ཡོང་འབབ་བགོ་བཤའི་སྒྲིག་ལམ་དང་རྒྱུ་ནོར་གསོག་འཇོག་གི་ལམ་སྲོལ་ཚད་ལྡན་དུ་གཏོང་བ་དང་། ལས་བརྩོན་གསར་གཏོད་ཁྲིམས་མཐུན་བཅས་ཀྱིས་ཕྱུག་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྔོན་ལ་ཕྱུག་པོར་གྱུར་པས་རྗེས་སུ་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་པ་དང་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་བར་བསྔགས་སྐུལ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་འབབ་འཕར་འཆར་གཞི་ལག་བསྟར་བྱས་ནས་ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ནུས་ལྡན་གཏོང་བ་དང་། ཡོང་འབབ་འབྲིང་རིམ་མི་ཚོགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་གཏོང་བ། ཡོང་འབབ་མཐོ་དྲགས་པ་ལུགས་དང་མཐུན་པར་ལེགས་སྒྲིག་བྱེད་པ། ཁྲིམས་འགལ་ཡོང་འབབ་མེད་པར་བཟོ་བ་བཅས་བྱས་ཏེ། སྐྱུ་རུ་རའི་དབྱིབས་ཀྱི་བགོ་བཤའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།
(39) མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ལེགས་པོར་གཉེར་དགོས། དུས་རབས་གསར་པའི་སྤྱོད་བཟང་དར་སྤེལ་དང་མི་སྣ་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་པ་དང་། བསམ་བློ་ཆབ་སྲིད་སློབ་ཚན་དང་སྤྱི་ཚོགས་སློབ་ཚན་མཉམ་འདྲེས་ནུས་ལྡན་ཡོང་བར་སྐུལ་སྤེལ་གཏོང་དགོས་ཤིང་། ལུས་རྩལ་དང་། མཛེས་རིག་སློབ་གསོ། ངལ་རྩོལ་སློབ་གསོ་བཅས་ལ་ཤུགས་རྒྱག་པ་དང་། སློབ་གསོའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་སློབ་གསོའི་ཐོན་ཁུངས་བགོ་སྒྲིག་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། སློབ་ལོ་རན་པའི་མི་འབོར་ནང་རྒྱུག་གཙང་མའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས། སློབ་ཡོན་མི་དགོས་པའི་སློབ་གསོའི་ཁྱབ་ཁོངས་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་། འོས་འགན་སློབ་གསོའི་ལོ་ཚད་རིང་དུ་གཏོང་རྒྱུ་འཚོལ་ཞིབ་བྱེད་དགོས། རྨང་གཞིའི་སློབ་གསོ་ལེགས་སྐྱེད་སྤུས་འདེགས་གཏོང་བར་སྐུལ་འདེད་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་སློབ་ན་མ་སོན་གོང་གི་སློབ་གསོ་སྤུས་ལེགས་དང་ཀུན་ཕན་ངང་འཕེལ་རྒྱས་འགྲོ་བར་གཅིག་གྱུར་འཆར་འགོད་བྱེད་པ། མཐོ་འབྲིང་དཀྱུས་མའི་སློབ་གཉེར་ཐོན་ཁུངས་རྒྱ་སྐྱེད་གཏོང་བ། དམིགས་བསལ་སློབ་གསོ་དང་ཆེད་དོན་སློབ་གསོ་ལེགས་པར་གཉེར་བ་བཅས་བྱེད་དགོས། མཐོ་རིམ་སློབ་གསོ་སྤུས་འདེགས་ཤོང་སྐྱེད་ལ་སྐུལ་འདེད་གཏོང་བ་དང་། དངོས་གཞིའི་ཚན་ཁག་གི་སློབ་གསོ་སྤུས་ལེགས་ཀྱི་སློབ་མ་བསྡུ་བའི་གཞི་ཁྱོན་ཆེ་རུ་གཏོང་དགོས། ལས་རིགས་སློབ་གྲྭའི་སློབ་གཉེར་ནུས་པ་ཆེ་རུ་གཏོང་བ་དང་། ཁྱད་ཆོས་མངོན་གསལ་དོད་པའི་མཐོ་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་བྱེད་དགོས། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་དགོས། ཆུ་ཚད་མཐོ་བའི་སློབ་གསོ་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་སྐྱེད་གཏོང་དགོས། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པ། དགེ་རྒན་གྱི་ཐོབ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་གསུམ་གྱིས་མཉམ་དུ་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། སློབ་གསོ་གྲངས་ཀ་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚེ་གང་སློབ་སྦྱོང་བྱེད་པའི་སྤྱི་པའི་ཞབས་ཞུ་ལེགས་སྒྱུར་བྱེད་དགོས།
(40) སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་དགོས། གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་མ་ཟད་དོན་འཁྱོལ་བྱེད་པ་དང་། རིམ་པ་མང་བ་དང་ཀ་རྟེན་མང་བའི་རྒན་གསོའི་འགན་བཅོལ་མ་ལག་འཕེལ་རྒྱས་གང་མགྱོགས་གཏོང་བ། ཐོབ་ཐང་གཏན་འཁེལ་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་རིམ་བཞིན་མཐོ་རུ་གཏོང་བ་བཅས་བྱེད་དགོས། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། སྨན་རྫས་གཅིག་སྡུད་ཉོ་བསྡུ་དང་སྨན་བཅོས་འགན་བཅོལ་གཏོང་སྤྲོད། ལྷག་འཕྲོའི་མ་དངུལ་བཀོལ་སྤྱོད་བཅས་ཀྱི་སྲིད་ཇུས་ལེགས་སྒྱུར་བྱེད་དགོས། ལས་ཤོར་དང་ལས་རྨས་འགན་བཅོལ་ཁེབས་རྒྱ་ཆེ་རུ་གཏོང་བ་དང་། ལས་རིགས་རྨས་སྐྱོན་འགན་སྲུང་ལམ་ལུགས་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་དང་འཕྲོ་མཐུད་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྐབས་བསྟུན་ལས་ཞུགས་པ་དང་། ཞིང་པ་ལས་མི། ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་འགན་བཅོལ་ནང་ཞུགས་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་འགན་བཅོལ་ཞིབ་རྩིས་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། གཞུང་ཁོངས་མ་རྩ་མུ་མཐུད་སྒྱུར་སྤྲོད་བྱས་ཏེ་སྤྱི་ཚོཌ་འགན་བཅོལ་ཐེབས་རྩར་ཁ་སྣོན་རྒྱག་པ། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ཡུན་ཕན་གྲབས་གསོག་དང་། གཅིག་འདོམས་སྙོམ་སྒྲིག གནས་ཐང་སྲུང་འཕར། བདེ་འཇགས་ལྟ་སྐུལ་དོ་དམ་བཅས་ཀྱི་ལམ་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཚོང་ལས་འགན་བཅོལ་སྣ་ཚོགས་ཀྱི་ཁ་གསབ་འགན་སྲུང་ནུས་པ་འདོན་སྤེལ་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་སྒྲུབ་གཉེར་དོ་དམ་ཞབས་ཞུ་ལེགས་སྒྱུར་བྱེད་དགོས། སྤྱི་ཚོགས་རོགས་སྐྱོབ་མ་ལག་ཆ་ཚང་དུ་གཏོང་དགོས། ཚང་སྟོང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། དབང་པོ་སྐྱོན་ཅན་སོགས་མི་ཚོགས་ལ་ཞབས་ཞུ་འགན་སྲུང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། གཞི་རྩའི་ཤིད་ལས་ཞབས་ཞུའི་ལམ་ལུགས་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་སྲུང་ལ་ཤུགས་རྒྱག་དགོས།
(41) ས་ཁང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ས་ཁང་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་གང་མགྱོགས་འཛུཌ་པ་དང་། ཚོང་ཟོག་ཁང་པ་གསར་སྤེལ་དང་། དངུལ་སྡུད། ཕྱིར་འཚོང་སོགས་ཀྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འདོན་སྤྲོད་ལེགས་སྒྱུར་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕོགས་ལེན་མི་ཚོགས་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་རིགས་ཁག་གི་གཞི་རྩའི་སྡོད་ཁང་དགོས་མཁོ་སྐོང་དགོས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་འདོན་སྤྲོད་ཇེ་མང་དུ་གཏོང་དགོས། བདེ་འཇགས་བག་ཕེབས་ལྗང་མདོག་རིག་ལྡན་བཅས་ཀྱི“ཁང་པ་ཡག་པོ”འཛུགས་སྐྲུན་བྱེད་པ་དང་། ཁང་པའི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་གྲྭ་དང་སྡེ་ལས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་དགོས། ཁང་པ་གནས་ཡུན་དུས་འཁོར་ཧྲིལ་པོའི་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་དགོས།
(42) བདེ་ཐང་ཀྲུང་གོ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། བདེ་ཐང་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། བདེ་ཐང་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དང་མི་དམངས་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་ནུས་པ་ཆེ་རུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། འགོས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་དགོས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་བཅོས་སྐྱོང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་སྤེལ་གཏོང་དགོས། སྤྱི་ཕན་རང་བཞིན་ཁྲིད་ཕྱོགས་སུ་བཟུང་སྟེ་གཞུང་གཉེར་སྨན་ཁང་གི་སྒྲིག་ཁོངས་དང་། ཞབས་ཞུའི་རིན་གོང་། གླ་ཕོགས་ལམ་ལུགས། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བཅས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། རྫོང་དང་ཆུས་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་འཁོར་སྐྱོད་འགན་སྲུང་ལ་ཤུགས་རྒྱག་དགོས། སྨན་བཅོས་སྒྲིག་གཞིའི་བྱེད་ནུས་གནས་ངེས་དང་བཀོད་པ་ལེགས་སྒྱུར་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་ལས་གྲྭ་ལག་བསྟར་བྱེད་པ་དང་། དམངས་ཡོངས་ཀྱི་བདེ་ཐང་རིག་གྲངས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཅོང་ནད་ཕྱོགས་བསྡུས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་འགོག་བཅོས་གསོ་སྡོམ་བཞིའི་མུ་ཕྲེང་ཡོངས་ཀྱི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། འཕྲལ་བཅོས་མྱུར་སྐྱོབ་དང་། ཁྲག་འགན་སྲུང་། འཕྲལ་བསྟུན་བཅས་ཀྱི་ནུས་པ་ཕྱོགས་མཐའ་ཡོངས་ནས་མཐོར་འདེགས་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་དཔུང་ཁག་གི་ནུས་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱེད་པར་སྐུལ་སྤེལ་གཏོང་དགོས། གསར་གཏོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ཞབས་ཞུར་ཤུགས་རྒྱག་དགོས།
(43) མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས། མི་ཚོགས་ཡོངས་རྫོགས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁེབས་པའི་མི་འབོར་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་དགོས། དགེ་མཚན་ལྡན་པའི་གཉེན་སྒྲིག་བུ་བཙའི་ལྟ་བ་དར་སྤེལ་གཏོང་བ་དང་། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་དང་བསྔགས་སྐུལ་བྱེད་ཐབས་ལེགས་སྒྱུར། ཕྲུག་གསོ་ཁ་གསབ་དང་མི་སྒེར་གྱི་ཐོབ་ཁྲལ་འཐེན་འཕྲི་བྱེད་པའི་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཁྱིམ་ཚང་གི་བུ་བཙའ་དང་། སྙོར་སྐྱོང་། སློབ་གསོ་བཅས་གསུམ་གྱི་མ་གནས་ནུས་ལྡན་ངང་དམའ་རུ་གཏོང་དགོས། བུ་བཙའི་འགན་བཅོལ་ལམ་ལུཌ་འཐུས་ཚང་དུ་གཏོང་བ་དང་། བུ་བཙའི་གུང་སེང་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། སྦྲུམ་འགོའི་བྱམས་སྐྱོང་བྱ་སྤྱོད་དང་། མངལ་སྦྲུམ་དང་ལྷན་སྐྱེས་ལུས་སྐྱོན་འགོག་བཅོས་ནུས་པ་ཆེར་གཏོང་གི་འཆར་གཞི་ལག་བསྟར་བྱེད་དགོས། བཅོལ་གསོའི་ཞབས་ཞུའི་གསབ་དངུལ་སྤྲོད་པའི་དཔེ་སྟོན་ཚོད་ལྟ་བྱེད་གནས་གཏིང་ཟབ་ཏུ་སྤེལ་བ་དང་། ཀུན་ཕན་བཅོལ་གསོ་དང་བུ་བཅོལ་བྱིས་གསོ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་བཏང་སྟེ། འབྲེལ་ཡོད་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གཏོང་དགོས། བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུར་ཤུགས་རྒྱག་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། རྒན་གསོའི་བྱ་གཞག་དང་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གཞི་རྩའི་རྒན་གསོའི་ཞབས་ཞུ་འདོན་སྤྲོད་ལེགས་སྒྱུར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ། སྤྱི་པའི་སྒྲིག་བཀོད་རྒན་རྒོན་ལ་འཚམ་པ་དང་གེགས་མེད་ཅན་དུ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྨན་སྐྱོང་དང་སྨན་གསོ་ཟུང་འབྲེལ་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། ཡུན་རིང་ནད་སྐྱོང་འགན་བཅོལ་ཁྱབ་སྤེལ་གཏོང་བ་དང་། ནུས་པ་ཤོར་བ་དང་རིག་པ་ཉམས་པའི་རྒན་རྒོན་ལ་ལྟ་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བ། ཁམས་གསོ་ནད་སྐྱོང་དང་ཞི་ལྷོད་སྐྱོང་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་ཕྱིར་འགྱངས་བྱེད་པ་བརྟན་པོའི་སྒོ་ནས་ལག་བསྟར་དང་། ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ་སོགས་ཐད་ཀྱི་ལོ་ན་ཚོད་འཛིན་སྲིད་ཇུས་ལེགས་སྒྱུར། རྒན་རྒོན་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་ཧུར་ཐག སྐྲ་དཀར་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།
(44) གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་སྐུལ་འདེད་བརྟན་པོ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་གདེང་འཇོག་ཚད་གཞི་འཛུགས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་དང་ནང་དོན་འཐུས་ཚང་དུ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་མངོན་འགྱུར་བྱེད་པའི་དམིགས་འབེན་དང་། ཐབས་ལམ། བྱེད་ཐབས་བཅས་གཏན་འཁེལ་བྱེད་པ་དང་། སྤྱི་པའི་ཞབས་ཞུ་སྔར་ལས་མང་བ་གཞི་རིམ་དུ་གཤམ་སྐྱོད་དང་། གྲོང་གསེབ་ཏུ་ཁེབས་པ། བས་མཐའི་ས་ཁུལ་དང་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། རྒྱུན་སྡོད་མི་འབོར་དང་དོ་མཉམ་ཡིན་པའི་སྤྱི་པའི་ཐོན་ཁུངས་བགོ་སྒྲིག་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། རྫོང་ཁོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཏོང་སྒོ་འགན་སྲུང་གི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་བྱ་གཞག་སྡེ་ཚན་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།
བཅུ་གཉིས། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ཕྱོགས་ཡོངས་ནས་ལྗང་མདོག་རིགས་སྒྱུར་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།
ལྗང་མདོག་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངོན་པར་གསལ་བའི་གཞི་མདངས་ཡིན། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱིས་སྣེ་ཁྲིད་བྱས་ཏེ། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
(45) སྦགས་བཙོག་འགོག་བཅོས་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་དགོས། མི་དམངས་ཀྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་ལ། ཁྲིམས་ལྟར་སྦགས་བཅོས་དོན་འཁྱོལ་བྱེད་པ་དང་། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་སྔར་བས་དོ་སྣང་བྱེད་དགོས་ལ། སྦགས་འཕྲི་དང་ཐཱན་གཅོག་མཐུན་སྦྱོར་དང་། སྦགས་བཙོག་མང་བའི་དངོས་རྫས་ཚོད་འཛིན་མཐུན་སྦྱོར། ས་ཁོངས་བཅོས་སྐྱོང་མཐུན་སྦྱོར་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་གཏིང་ཟབ་སྒོས་ཡག་པོ་རྒྱག་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ལྟེ་བར་བཟུང་བའི་གཏན་འཇགས་ཀྱི་སྦགས་བཙོག་འབྱུང་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་དོན་འཁྱོལ་གང་མགྱོགས་བྱེད་དགོས། སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་ལག་བསྟར་བྱེད་དགོས། ཁོར་ཡུག་གི་ཉེན་ཁར་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི་དང་། ལྟ་ཞིབ་ཚད་ལེན། གདེང་འཇོག དཔྱད་ཞིབ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་ལ་གཞི་གཅིག་ཏུ་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་གནད་ཆེན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱེད་པ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གསར་པ་འཛུགས་པ་བཅས་བྱེད་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ཕན་འབྲས་ལ་དཔྱད་དཔོག་བྱེད་དགོས། གཞི་རྒྱ་ཆེ་བའི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་གྱི་བྱེད་སྒོ་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་བ་དང་། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། མཚོ་བོད་མཐོ་སྒང་སོགས་ས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྣ་མང་ཅན་གྱི་སྐྱེ་ཁམས་གུན་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། གལ་ཆེའི་གཙང་པོ་དང་། ཆུ་བོ། མཚེའུ། ཆུ་མཛོད་བཅས་མ་ལག་ལྡན་པའི་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་སྡོམ་པ་ལག་བསྟར་ཡག་པོ་བྱེད་དགོས།
(46) ནུས་ཁུངས་མ་ལག་དཔེ་གསར་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། ནུས་ཁུངས་གསར་པ་འདོན་སྤྲོད་གྱི་བསྡུར་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས། བདེ་འཇགས་དང་ཡིད་རྟོན་རུང་བ་དང་སྒྲིག་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འགྱུར་རྡོའི་ནུས་ཁུངས་ཀྱི་ཚབ་བྱེད་པར་སྐུལ་འདེད་གཏོང་བ་དང་། གློག་ཤུགས་མ་ལག་དཔེ་གསར་འཛུགས་རྒྱུར་ཤུགས་རྒྱག་པ་བཅས་བྱས་ནས་ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས། རླུང་འོད་ཆུ་ཉིང་སོགས་ནུས་མང་མཉམ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རང་སར་བསྡུ་འཛད་དང་ཕྱིར་སྐྱེལ་བྱ་རྒྱུ་གཅིག་གྱུར་འཆར་འགོད་བྱས་ནས་ནུས་ཁུངས་གཙང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས། འགྱུར་རྡོའི་ནུས་ཁུངས་སྦགས་མེད་ནུས་ཆེའི་སྒོ་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སོལ་གློག་སྒྱུར་བཀོད་རིམ་སྤར་དང་རྡོ་སོལ་སིལ་མའི་ཚབ་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་གློག་ཤུགས་མ་ལག་གསབ་རེས་སྐྱོབ་རེས་དང་བདེ་འཇགས་ལྡེམ་གཤིས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པར་ཆུ་འཐེན་ནུས་གསོག་བཀོད་སྒྲིག་བྱེད་པ། ནུས་གསོག་དཔེ་གསར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིག་ནུས་གློག་དྲ་དང་གློག་དྲ་ཆུང་གྲས་གང་མགྱོགས་འཛུགས་སྐྲུན་བཅས་བྱེད་དགོས། མཐའ་སྣེའི་ནུས་སྤྱོད་གློག་རླངས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ནུས་ཁུངས་འཛད་སྤྱོད་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ནུས་ཁུངས་མ་ལག་དཔེ་གསར་དང་འཚམ་པའི་ཚོང་ར་དང་རིན་གོང་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས།
(47) ཐཱན་རྩེར་སོན་ཧུར་ཐག་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་མངོན་འགྱུར་བྱེད་དགོས། ཐཱན་འབུད་གཏོང་གི་སྤྱི་འབོར་དང་དྲག་ཚད་གཉིས་ཀ་ཚོད་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། ནུས་བསྲི་ཐཱན་གཅོག་སྒྱུར་བཀོད་ལག་བསྟར་གཏིང་ཟབ་བྱེད་དགོས། རྡོ་སོལ་དང་རྡོ་སྣུམ་འཛད་སྤྱོད་རྩེར་སོན་ལ་སྐུལ་འདེད་གཏོང་དགོས། ཐཱན་འབུད་གཏོང་བསྡོམས་རྩིས་དང་ཞིབ་རྩིས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ས་གནས་ཀྱི་ཐཱན་དཔྱད་ཞིབ་དང་། ལས་རིགས་ཀྱི་ཐཱན་དོ་དམ་ཚོད་འཛིན། ཁེ་ལས་ཀྱི་ཐཱན་དོ་དམ། ལས་གཞིའི་ཐཱན་གདེང་འཇོག ཐོན་རྫས་ཀྱི་ཐཱན་རྗེས་ཤུལ་སོགས་ཀྱི་སྲིད་ཇུས་དང་ལམ་ལུགས་བརྟན་པོའི་ངང་ལག་བསྟར་བྱེད་དགོས། ཁ་འགྲེམ་ཅན་གྱི་ནུས་ཁུངས་འཕེལ་རྒྱས་གཏོང་བ་དང་། ཐཱན་མེད་བཟོ་གྲྭ་དང་གླིང་ཁུལ་འཛུགས་སྐྲུན་བྱེད་དགོས། རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་བྱེད་དབང་གི་ཉོ་ཚོང་ཚོང་རའི་ཁེབས་རྒྱ་ཆེ་རུ་གཏོང་བ་དང་། དྲོད་ཁང་རླངས་གཟུགས་རང་མོས་ངང་འབུད་ཚད་ཉུང་དུ་གཏོང་བའི་ཉོ་ཚོང་ཚོང་ར་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་ཚད་གཞིའི་མ་ལག་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་དང་ཚད་གཞི་འཐུས་ཚང་དང་སྦྲེལ་མཐུད་དང་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་དང་སྣེ་ཁྲིད་བྱེད་དགོས། གནམ་གཤིས་འགྱུར་ལྡོག་ལ་འཕྲོད་པའི་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་དང་ལྷག་པར་དུ་གནམ་གཤིས་ཧ་ཅང་ངན་པར་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས།
(48) ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱལ་ཁབ་མངའ་ཁོངས་བར་མཐོངས་འཆར་འགོད་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་བཀོད་པ་མཐུན་སྦྱོར་ལེགས་སྒྱུར་བཅས་བྱེད་དགོས། བཟོ་ལས་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ནུས་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་རིགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཐོན་ཁུངས་བསྡོམས་འབོར་དོ་དམ་དང་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། རེས་འཁོར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་སྐྲུན་པ་བཅས་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ནོར་ཁྲལ་དང་། དངུལ་རྩ། དངུལ་འཇོག རིན་གོང་། ཚན་རྩལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ལྗང་མདོག་འཛད་སྤྱོད་ལ་སྐུལ་ལྕག་གཏོང་བའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་དགོས།
བཅུ་གསུམ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།
དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་ཡིན། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་འགྲོ་ལམ་དུ་བསྐྱོད་དེ། སྤྱི་ཚོགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གོ་རིམ་ཡང་ལྡན་པའི་འགན་ལེན་ཏན་ཏིག་བྱེད་དགོས།
(49) རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ཆ་ཚང་དུ་གཏོང་དགོས། གཅིག་སྡུད་གཅིག་གྱུར་དང་ནུས་ཆེ་དབང་གྲགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་སྲོལ་སྲ་བརྟན་དུ་གཏོང་བ་དང་། བདེ་འཇགས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་རང་འགུལ་སྲུང་སྐྱོང་དང་བཞེངས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། འཐབ་ཇུས་སྣེ་ཁྲིད་དུ་བྱེད་པ་དང་། སྲིད་ཇུས་འཛིན་བྱེད་དུ་བྱེད་པ། ཁྲིམས་སྐྱོང་འགན་སྲུང་དུ་བྱེད་པ། ཉེན་ཁར་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་མཐའ་མཇུག་གི་འབབ་ས་རུ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་དང་། འཐབ་ཇུས་མ་ལག སྲིད་ཇུས་མ་ལག ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཆེད་དམིགས་མཐུན་སྦྱོར་ལམ་སྲོལ་གལ་ཆེན་ལ་ཤུགས་བརྒྱབ་ནས། འཕྲལ་བསྟུན་བབ་བསྟུན་གྱི་ཕན་ནུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། མུ་ཕྲེང་ཡོངས་དང་བདག་རྐྱེན་ཡོངས་མཐུན་སྦྱོར་མཉམ་འགུལ་ཡོང་བར་སྐུལ་སྤེལ་བཏང་ནས། མ་ལག་གི་མཉམ་ཤུགས་ཆགས་པར་བྱེད་དགོས། ཕྱི་འབྲེལ་རྒྱལ་ཁབ་བདེ་འཇགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཕྱིའི་བདེ་འཇགས་འགན་སྲུང་མ་ལག་འཛུགས་པ། བཀག་སྡོམ་ལ་ངོ་རྒོལ་དང་། ཐེ་གཏོགས་ལ་ངོ་རྒོལ། “དཔུང་རིང་ཇུས་གཏོགས”ལ་ངོ་རྒོལ་བཅས་བྱེད་པའི་འཐབ་རྩོད་ལ་ཤུགས་རྒྱག་པ། རྒྱལ་སྤྱིའི་ཁྲིམས་བསྟར་བདེ་འཇགས་མཉམ་ལས་ཟབ་སྤེལ་བྱེད་པ། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོར་ཤུགས་བརྒྱབ་ནས། མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།
(50) གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། དངོས་འཐབ་དངོས་སྤྱོད་ཀྱི་རྒྱལ་ཁབ་བདེ་འཇགས་ནུས་པ་སྐྲུན་བཟོ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་། དཔལ་འབྱོར་སྐྱོན་བྲལ་བརྟན་བརླིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་དང་འབྲེལ་བ་ཡོད་པའི་བདེ་འཇགས་གནད་ཆེན་གཙིགས་སུ་བཟུང་ནས་འགན་སྲུང་བྱེད་པ་དང་། ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞིའི་འགན་སྲུང་བརྟན་དུ་བཏང་སྟེ། འབྲུ་རིགས་དང་། ནུས་ཁུངས་དང་ཐོན་ཁུངས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གལ་ཆེན། རྨང་གཞིའི་སྒྲིག་བཀོད་གནད་ཆེན་བཅས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པ། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་རྩད་གཅོད་གསར་སྤེལ་དང་གསོག་འཇོག་བྱེད་པར་ཤུགས་རྒྱག་པ། ཆུའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་བདེ་འཇགས་ངང་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། འཐབ་ཇུས་བགྲོད་ལམ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་འཐབ་ཇུས་དཀྱིལ་ཁུལ་འཛུགས་སྐྲུན་དང་འགག་རྩའི་ཐོན་ལས་གྲབས་ཉར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དྲ་རྒྱ་དང་། གཞི་གྲངས། མིས་བཟོས་རིག་ནུས། སྐྱེ་དངོས། སྐྱེ་ཁམས། ཉིང་རྡུལ། མཁའ་དབྱིངས། མཚོ་གཏིང་། གླིང་སྣེ། དམའ་དབྱིངས་སོགས་གསར་དར་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་འདུམ་སེལ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ས་ཁང་ཐོན་ལས་དང་། ས་གནས་སྲིད་གཞུང་གི་བུ་ལོན། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉེན་ཁ་རིམ་ལྡན་ངང་སེལ་བར་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། མ་ལག་རང་བཞིན་གྱི་ཉེན་ཁ་ནན་འགོག་བྱེད་དགོས།
(51) སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་དཔེ་དབྱིབས་དེ་དོན་དག་མ་བྱུང་གོང་ལ་སྔོན་འགོག་བྱེད་པར་སྒྱུར་བར་སྐུལ་འདེད་གཏོང་དགོས། གནམ་གཤིས་དང་། ཆུ་དཔྱད། ས་གཤིས་གནོད་འཚེ་བཅས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་རྒྱག་པ་དང་། གནོད་འགོག་གེགས་སེལ་རྒུད་སྐྱོབ་དང་ཐོལ་བྱུང་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་དང་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། འཕྲལ་བསྟུན་བཀོད་འདོམས་དང་། བདེ་འཇགས་ཐོན་སྐྱེད། ཟས་རིགས་དང་སྨན་རྫས་བདེ་འཇགས་སོགས་ཀྱི་ལས་ཀར་ཤུགས་རྒྱག་པ་བཅས་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་ངོ་བོའི་བདེ་འཇགས་ཆུ་ཚད་མཐོར་འདེགས་བཏང་ནས། ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་བཀག་འགོག་ནུས་ལྡན་བྱེད་དགོས། སྤྱི་ཚོགས་བདེ་སྐྱོང་ཐད་ལ་སྤྱི་ཡོངས་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མ་ལག་དང་ནུས་པ་འཛུགས་སྐྲུན་ཟབ་སྤེལ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་གྱི་ལམ་སྲོལ་ཆ་ཚང་དུ་གཏོང་བ། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས། དུག་རྫས་ཉེས་གསོག་སོགས་སྔོན་འགོག་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ལ་ཤུགས་རྒྱག་དགོས། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གནད་འཁེལ་བྱེད་པ་དང་། ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་པ་དང་། ཉེས་ཆད་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་དགོས།
(52) སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། མ་ལག་ལྡན་པར་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་མ་ལག་འཐུས་ཚང་དུ་གཏོང་དགོས། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་མི་ཚོགས་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས། སྤྱི་ཚོགས་རྩ་འཛུགས་གསོ་སྐྱོང་དང་དོ་དམ་ལ་ཤུགས་རྒྱག་པ་དང་། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སྒྱུར་བཅོས་དང་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པར་ཤུགས་རྒྱག་པ་དང་། ཕྱོགས་ཡོངས་ནས་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱིས་འགན་འཁྲི་སྒྲུབ་པའི་དོན་ཚན་གྱི་གསལ་ཐོ་ལག་བསྟར་བྱེད་པ། གྲོང་ཚོའི(སྡེ་ཁུལ)ལས་ཀའི་དོན་ཚན་གྱི་ཞུགས་འཐུས་ལམ་ལུགས་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་རྒྱག་པ། སྡེ་ཁུལ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཕྱོགས་སོ་སོ་གོ་རིམ་ལྡན་པའི་ངང་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། དྲ་ཐོག་དང་དྲ་ཕྱི་མཐུན་སྦྱོར་ངང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་ཞབས་ཞུའི་དོ་དམ་སྟོབས་ཤུགས་བགོ་སྒྲིག་ལ་ཤུགས་རྒྱག་པ་དང་། ཞབས་ཞུའི་སྒྲིག་བཀོད་དང་གྲོན་དངུལ་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་མིའི་སྤྱི་ཆིངས་དང་གྲོང་སྲོལ་དམངས་ཆིངས་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་བཅས་འཛུགས་སྐྲུན་ལ་ཤུགས་རྒྱག་པ། གོམས་སྲོལ་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། མནའ་མ་བསུ་སྐྱེལ་དང་གཤིན་པོ་དུར་སྐྱེལ་ཁྲོད་ཀྱི་སྲོལ་ངན་སོགས་ཀྱི་གནད་དོན་བཅོས་སྐྱོང་ནུས་ལྡན་བཅས་བྱེད་དགོས།
མང་ཚོགས་གོང་བུར་སྒྲིལ་བ་དང་ཞབས་ཞུ་སྒྲུབ་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་རྒྱག་པ་དང་། སྤྱི་ཚོགས་ཀྱི་ཚོགས་པ་རིགས་ཁག་གི་ཞབས་ཞུ་དང་དོ་དམ་ལེགས་བཅོས་བྱེད་པ། ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་དང་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པའི་ལམ་ལུགས་ཆ་ཚང་དུ་གཏོང་བ། དཀའ་ངལ་ཅན་དང་ཉམས་ཞན་ཅན་གྱི་མི་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བཅས་བྱེད་དགོས། སྤྱི་ཚོགས་སེམས་ཁམས་ཞབས་ཞུའི་མ་ལག་དང་ཉམས་ཉེན་ཐེ་གཏོགས་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། གྲོང་མིའི་ཐད་སྦྲེལ་ཁ་པར་སོགས་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་བྱེད་ནུས་ཆེ་རུ་བཏང་ནས། “དམངས་ལ་རེ་འབོད་གང་ཡོད་ན། ང་ཡིས་དེ་ལ་ཨ་ལན་སློག་པར”སྐུལ་འདེད་གཏོང་དགོས། དང་བླངས་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་དགོས། འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སེལ་བ་དང་། སྣ་མང་གི་སྒོ་ནས་སེལ་བ། གོ་རིམ་ལྡན་པར་སེལ་བ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྤྱི་ཚོགས་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས། ཆེད་ལས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།
བཅུ་བཞི། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས།
རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་འདེགས་སྐྱོར་ཡིན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་མཐར་ཕྱིན་བཅས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི“གོམ་པ་གསུམ་བགྲོད”ཀྱི་འཐབ་ཇུས་གསར་པ་ལྟར། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། འཐབ་རྩོད་བྱེད་ཞོར་དང་། དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བཅས་བྱེད་པ་དང་། འཕྲུལ་ཆས་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་ངང་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
(53) སྔོན་ཐོན་གྱི་འཐབ་འཛིང་བྱེད་ནུས་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། འཐབ་ཇུས་ཀྱི་ཟིལ་གནོན་སྟོབས་ཤུགས་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོའི་འཐབ་ཇུས་དོ་སྙོམས་དང་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། ཁྱབ་ཁོངས་གསར་པ་དང་སྤུས་གསར་དམག་འཐབ་སྟོབས་ཤུགས་གཞི་ཁྱོན་ཅན་དང་། དངོས་འཐབ་ཅན། མ་ལག་ཅན་བཅས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་མེད་རིག་ནུས་ཀྱི་དམག་འཐབ་སྟོབས་ཤུགས་དང་ཕྱིར་རྒོལ་ནུས་པ་འཛུགས་སྐྲུན་གང་མགྱོགས་བྱེད་པ། སྲོལ་རྒྱུན་གྱི་དམག་འཐབ་སྟོབས་ཤུགས་རིམ་སྤར་སྒྱུར་བཀོད་ལ་ཤུགས་རྒྱག་པ་བཅས་བྱེད་དགོས། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་པར་གཅིག་གྱུར་འཆར་འགོད་དང་། གཞི་གྲངས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་ཤུགས་རྒྱག་པ། རིག་ནུས་ཅན་གྱི་དམག་དོན་མ་ལག་འཛུགས་པ་བཅས་བྱེད་དགོས། དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། རྒྱལ་སྲུང་འཕེལ་རྒྱས་ཀྱི་ལས་གྲྭ་གནད་ཆེན་ལག་བསྟར་དང་། རྒྱལ་སྲུང་ཚན་རྩལ་གསར་གཏོད་དང་སྔོན་ཐོན་ལག་རྩལ་རིགས་སྒྱུར་གང་མགྱོགས་བྱེད་པ། སྔོན་ཐོན་གྱི་གོ་མཚོན་སྒྲིག་ཆས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་དང་ལམ་ལུགས་ལེགས་སྒྱུར་བྱེད་པ་དང་། དམག་དཔུང་སློབ་ཆེན་སློབ་གླིང་གི་སློབ་སྒྲུབ་དང་མི་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས། བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣའི་གྲལ་བསྟར་དཔེ་གསར་སྐྲུན་དགོས། དམག་དོན་རིགས་པའི་གཞུང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་དགོས། འཐབ་ཇུས་དང་དམག་འཐབ་གྲ་སྒྲིག་ཟབ་སྤེལ་བྱེད་པ་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམག་འཐབ་ནུས་པའི་མ་ལག་འདུས་གྲུབ་ལ་ཤུགས་རྒྱག་པ། འཐབ་འཛིང་ནུས་པ་འཛུགས་སྐྲུན་དང་བཀོལ་སྤྱོད་དཔེ་དབྱིབས་གསར་གཏོད་བཅས་བྱས་ཏེ། དམག་དོན་འཐབ་རྩོད་ཀྱི་དམིགས་གཏད་རང་བཞིན་དང་། རང་འགུལ་རང་བཞིན། བཞེངས་སྐྲུན་བྱེད་ནུས་བཅས་ཆེ་རུ་གཏོང་དགོས།
(54) དམག་དོན་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། མི་དམངས་དམག་དཔུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཉམ་འབྲེལ་དམག་འཐབ་མ་ལག་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་དགོས། འཐབ་ཇུས་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། འཐབ་འཛུགས་གྲབས་གསུམ་གཅིག་གྱུར་འཆར་འགོད་ཟབ་སྤེལ་བྱེད་པ། དམག་འཐབ་དགོས་མཁོས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དོ་དམ་བྱེད་ཐབས་དང་ཐབས་ཤེས་གསར་གཏོད་བྱེད་པ། དམག་དོན་མ་ལག་འཁོར་སྐྱོད་ཕན་ནུས་དང་རྒྱལ་སྲུང་ཐོན་ཁུངས་བེད་སྤྱོད་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐབས་ཇུས་གནད་ཆེན་ལ་བློ་འདྲི་དཔྱད་དཔོག་དང་ལས་གཞི་གནད་ཆེན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་གྲོན་སྔོན་རྩིས་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དམག་དོན་ཉོ་སྒྲུབ་ལམ་ལུགས་ལེགས་བཅོས་བྱེད་པ། དམག་དཔུང་འཛུགས་སྐྲུན་གྱི་བསྡོམས་རྩིས་དཔྱད་དཔོག་མ་ལག་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་བརྩོན་བསྲིས་དམག་འཛུགས་ཀྱི་བྱེད་ཕྱོགས་དོན་འཁྱོལ་བཅས་བྱས་ཏེ། ཕན་འབྲས་ཆེ་བ་དང་། མ་གནས་དམའ་བ། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་དགོས། ཆབ་སྲིད་སྒྲིག་སྦྱོང་རྒྱུན་མཐུད་ངང་ཟབ་སྤེལ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་དག་ཐེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམག་དཔུང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་སྲོལ་དང་ལམ་ལུགས་འདོན་སྤྲོད་དང་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས།
(55) གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་དགོས། དམག་དཔུང་དང་ས་གནས་བརྒལ་བའི་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། རང་འགན་རང་འཁུར་དང་། མཉམ་སྒྲུབ་དམ་ཟབ། ཚད་ལྡན་རིམ་ཡོད་བཅས་ཀྱི་དམག་དཔུང་དང་ས་གནས་བརྒལ་བའི་ལས་ཀའི་བཀོད་པ་འཛུགས་དགོས། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དེ་སྤུས་གསར་འཐབ་འཛིང་ནུས་ཤུགས་དང་ནུས་ཆེའི་མཉམ་འདྲེས་ཡོང་བ་དང་ཕྱོགས་གཉིས་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏོང་དགོས། སྔོན་ཐོན་གྱི་རྒྱལ་སྲུང་ཚན་རྩལ་བཟོ་ལས་མ་ལག་འཛུགས་སྐྲུན་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་བཀོད་པ་ལེགས་སྒྱུར། དམག་དམངས་ཚད་གཞི་ཀུན་འཕྲོད་ཅན་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་སྲུང་འཛུགས་སྐྲུན་གྱི་དམག་དོན་དགོས་མཁོ་འདོན་ཞུ་དང་དམག་དཔུང་དང་ས་གནས་སྦྲེལ་མཐུད་བྱེད་པར་ཤུགས་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་གནད་ཆེན་གྱིས་ཕྱོགས་ཡོངས་ནས་རྒྱལ་སྲུང་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་སྲུང་འཐབ་ཇུས་སྔོན་བཟོ་བྱེད་པར་ཤུགས་རྒྱག་པ་བཅས་བྱེད་དགོས།
རྒྱལ་སྲུང་སྐུལ་སློང་ནུས་པ་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། དེང་རབས་མཐའ་སྲུང་མཚོ་སྲུང་མཁའ་སྲུང་གསུམ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། ཏང་སྲིད་དམག་ཉེན་དམངས་བཅས་ཤུགས་སྒྲིལ་གྱིས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཟབ་སྤེལ་དང་། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས།
བཅོ་ལྔ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས།
ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་འགོ་ཁྲིད་བྱེད་ནུས་དང་། བསམ་བློ་སྣེ་ཁྲིད་བྱེད་ནུས། མང་ཚོགས་སྒྲིག་འཛུགས་བྱེད་ནུས། སྤྱི་ཚོགས་འབོད་སྐུལ་བྱེད་ནུས་བཅས་ཆེ་རུ་གཏོང་བ། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
(56) ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གནད་ཆེན་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། རྒྱུན་མཐུད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་དགོས། ཏང་ནང་གི་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ་དང་། ཚན་རིག་དང་མཐུན་པར་ཇུས་གཅོད་དང་། དམངས་གཙོས་ཇུས་གཅོད། ཁྲིམས་ལྟར་ཇུས་གཅོད་བཅས་རྒྱུན་འཁྱོངས་བྱེད་དགོས། མི་བཀོལ་སྤྱོད་ཡང་དག་པ་བྱེད་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས། ཡང་དག་པའི་སྲིད་འབྲས་ལྟ་བ་སྐྱེད་པ་དང་ལག་ལེན་བསྟར་བ། ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ད་ལྟའི་ལས་འགན་གྱི་ལས་སྒོ་མི་འཕེར་བའི་ལས་བྱེད་པ་ལེགས་སྒྲིག་བྱེད་པ། འགོ་ཁྲིད་ལས་བྱེད་པ་སྤར་འབེབས་གཉིས་རུང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པའི་དཔུང་ཁག་གི་དེང་རབས་ཅན་འཛུགས་སྐྲུན་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། དོ་དམ་ནན་པོ་དང་ལྟ་སྐྱོང་བྱམས་པོ་ཟུང་འབྲེལ་དང་སྐུལ་ལྕག་གཅུན་འདོམས་གལ་ཆེར་མཉམ་འཛིན་བྱས་ནས་ལས་བྱེད་པའི་དཔུང་ཁག་གི་ནང་སྐྱེས་སྒུལ་ཤུགས་དང་སྤྱི་ཡོངས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཆེ་རུ་གཏོང་བ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས། ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་གཏན་འགོག་དང་། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དབང་ཆ་བགོ་སྒྲིག་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱེད་པར་ཤུགས་རྒྱག་དགོས། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་མཐའ་འཁྱོངས་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོར་རྒྱག་དགོས། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་སྐྲུན་དགོས།
(57) སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་དེ། ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས། རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་འགན་འཁྲི་སྒྲུབ་པར་འགན་ལེན་ཏན་ཏིག་དང་། མི་དམངས་མང་ཚོགས་ཀྱི་དམངས་གཙོའི་ཁེ་དབང་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་དམངས་སྲིད་གྲོས་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། གྲོས་མོལ་གྱི་ཐབས་ལམ་སྣ་ཚོགས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། གྲོས་མོལ་དམངས་གཙོ་ཁྱབ་རྒྱ་ཆེ་ལ་རིམ་པ་མང་བ་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་ཆ་ཚང་དུ་བཏང་ནས་མི་དམངས་ཀྱིས་ཁྲིམས་ལྟར་གཞི་རིམ་གྱི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་ལ་དོ་དམ་བྱེད་པར་འགན་སྲུང་བྱེད་དགོས། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱ་རྒྱུའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ་དང་། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པ་དང་། གཞོན་ནུ་ལོ་ཆུང་འཕེལ་རྒྱས་གཏོང་བ། བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་ལ་སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་གྱི་བཀོད་པ་འཐུས་ཚང་དུ་བཏང་ནས་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་ནས་ཕྱིར་སྡོད་རང་མིའི་སེམས་པ་དང་སྟོབས་ཤུགས་སྔར་ལས་ལེགས་པར་གོང་བུར་སྒྲིལ་དགོས།
ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། གཟབ་ནན་སྒོས་ཁྲིམས་བསྟར། དྲང་གཞག་སྒོས་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་དང་དེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་ཞིབ་བཤེར་ལ་ཤུགས་བརྒྱབ་ནས་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་བྱེད་པ་དོན་འཁྱོལ་བྱས་ནས། སྲིད་འཛིན་རྩོད་གཞི་ངོ་བོའི་ཐོག་ནས་སེལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྲིད་ཁྲིམས་ལས་དོན་གྲངས་ཀ་ཅན་གྱི་ལས་སྟེགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་སྡེ་ཁག་ལས་བརྒལ་བའི་ཁྲིམས་བསྟར་ཁྲིམས་འཛིན་མཐུན་སྦྱོར་དང་དེར་ལྟ་སྐུལ་བྱེད་པར་ཤུགས་རྒྱག་དགོས། ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འཛིན་དྲང་གཞག་མངོན་འགྱུར་དང་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། ཁྲིམས་འཛིན་ཁྲུན་གཅོད་ཀྱི་དྲང་གཞག་རང་བཞིན་དང་། བརྟན་བརླིང་རང་བཞིན། དབང་གྲགས་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཕན་གཏུག་བཤེར་ལ་ཤུགས་རྒྱག་དགོས། ཁྲིམས་ལྟར་མི་ལུས་ཁེ་དབང་དང་། རྒྱུ་ནོར་ཁེ་དབང་། མི་གཞིའི་ཁེ་དབང་བཅས་ལ་འགན་སྲུང་བྱེད་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་བསྟར་ཡུན་ཕན་ལམ་སྲོལ་ཆ་ཚང་དང་ཚད་ལྡན་དུ་གཏོང་བ། སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་བསྟར་དང་ཁེ་གཉེར་རང་བཞིན་གྱི་ཁྲིམས་བསྟར་བྱེད་པ་བཀག་འགོག་དང་ཡོ་བསྲང་བྱེད་དགོས། རྒྱལ་ཁབ་ཀྱི་ལག་བསྟར་སྒྲིག་སྲོལ་ཆ་ཚང་དུ་བཏང་སྟེ། “ལག་བསྟར་བྱེད་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། ཕྱི་འབྲེལ་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་། རྒྱལ་སྤྱིའི་ཚོང་དོན་འདུམ་འགྲིག་དང་། འདུམ་གཅོད། གཏུག་བཤེར་སོགས་ཀྱི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ལས་དོན་སྒྲུབ་པར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་ལ་ཕྱོགས་བསྡུས་རང་བཞིན་གྱིས་གདེང་འཇོག་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་ལ་གོང་བཀུར་དང་། སྒྲིག་སྲོལ་ནན་སྲུང་། གན་རྒྱར་བརྩི་འཇོག དྲང་གཞག་སྲུང་སྐྱོང་བཅས་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་དགོས།
(58) ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བར་སྐུལ་སྤེལ་གཏོང་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་པས་ཤང་ཀང་སྐྱོང་བ” “ཨའོ་མོན་པས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”ཡི་རྩ་དོན་དོན་འཁྱོལ་བྱེད་པ། ཤང་ཀང་དང་ཨའོ་མོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ཕན་ནུས་མཐོར་འདེགས་གཏོང་བ། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། ཤང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་ལས་ལེགས་པར་འདྲེས་པ་དང་དེར་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱེད་པ་དང་། ཤང་ཀང་དང་ཨའོ་མོན་གཉིས་ཀྱིས་ནང་ས་དང་དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ། མི་ཆོས་རིག་གནས་སོགས་ཀྱི་མཉམ་ལས་བྱེད་པར་ཤུགས་རྒྱག་པ། ཤང་ཀང་དང་ཨའོ་མོན་གྱི་སྡོད་དམངས་ནང་ས་རུ་འཕེལ་རྒྱས་ཡོང་བ་དང་འཚོ་བ་རོལ་བར་སྟབས་བདེ་སྐྲུན་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཤང་ཀང་དང་ཨའོ་མོན་གཉིས་ཀྱིས་མེས་རྒྱལ་ལ་རྒྱབ་རྟེན་བཅོལ་བ་དང་འཛམ་གླིང་དང་སྦྲེལ་མཐུད་བྱེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། ཤང་ཀང་རྒྱལ་སྤྱིའི་དངུལ་རྩ་དང་། སྐྱེལ་འདྲེན། ཉོ་ཚོང་བཅས་ཀྱི་ལྟེ་གནས་ཡིན་པའི་གནས་བབ་སྲ་བརྟན་དང་མཐོར་འདེགས་གཏོང་བ། ཤང་ཀང་གིས་རྒྱལ་སྤྱིའི་གསར་གཏོད་ཚན་རྩལ་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། ཨའོ་མོན་གྱི“ལྟེ་གནས་གཅིག་དང་ལས་སྟེགས་གཅིག་དང་རྟེན་གཞི་གཅིག”གི་ནུས་པ་རྒྱུན་ཆད་མེད་པར་མངོན་པར་བྱེད་པ། ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་གྱིས་སྣ་མང་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཤང་ཀང་དང་ཨའོ་མོན་གྱིས་རྒྱལ་སྤྱིའི་ཤེས་ལྡན་མི་སྣ་རྩེ་གྲ་འདུ་འཛོམས་བྱེད་པའི་མཐོ་ས་སྐྲུན་པར་རྒྱབ་སྐྱོར་བཅས་བྱེད་དགོས།
(59) ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་ཐའེ་དབན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པ། ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱེད་པ། ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བཅས་བྱེད་དགོས། ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་སྤེལ་ཏེ། ཀྲུང་ཧྭའི་རིག་གནས་མཉམ་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཐོན་ལས་མཉམ་ལས་ལ་ཤུགས་རྒྱག་པ། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤུན་ཟླ་ཐའེ་དབན་བས་ཐོབ་ཐང་གཅིག་མཚུངས་ལོངས་སུ་སྤྱོད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སྤུན་ཟླ་ཐའེ་དབན་བས་སྐམ་ས་ཆེན་པོར་སློབ་སྦྱོང་བྱེད་པ་དང་། ལས་ཀ་སྒྲུབ་པ། འཚོ་བ་རོལ་བ་བཅས་ལ་ཆ་རྐྱེན་སྔར་ལས་ལེགས་པ་སྐྲུན་ནས་ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩ་ཆེ་རུ་གཏོང་དགོས།
(60) མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་རྒྱ་སྐྱེད་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཉེ་འཁོར་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་གཏོང་བ་དང་། ཐུན་མོང་གི་བདེ་འཇགས་ལ་ཤུགས་རྒྱག་པ། འཐབ་ཇུས་ཐོག་གི་ཕན་ཚུན་ཡིད་ཆེས་སྲ་བརྟན་གཏོང་བ། ཉེ་འཁོར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་བྱེད་དགོས། རྒྱལ་ཁབ་ཆེན་པོའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བ་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་ཟབ་སྤེལ་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པ། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་དར་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་སྔར་ལས་མང་བ་འདོན་སྤྲོད་བཅས་བྱེད་དགོས། བཙན་དབང་བཙན་ཐབས་བཙན་བརྙས་བཅས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས། སྒོ་འབྱེད་ཁོང་ཡངས། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཀྲུང་གོའི་བྱས་རྗེས་འཇོག་དགོས།
(61) སྤྱི་ཚོགས་ཡོངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར། རྒྱལ་ཁབ་དང་ས་གནས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དང་ཆེད་དམིགས་འཆར་འགོད་སོགས་བཟོས་ཏེ། གནས་ངེས་ཡང་དག་དང་། དབྱེ་མཚམས་ཁ་གསལ། བྱེད་ནུས་གསབ་རེས། གཅིག་གྱུར་འབྲེལ་མཐུད་བཅས་ཀྱི་རྒྱལ་ཁབ་ཀྱི་འཆར་འགོད་མ་ལག་ཆགས་པར་བྱེད་དགོས། འཆར་འགོད་ལག་བསྟར་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་དང་ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་མཐུན་སྦྱོར་དང་ལས་དོན་མཉམ་སྒྲུབ་ལམ་སྲོལ་ཆ་ཚང་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བཅས་བྱེད་པའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ལས་སྒྲུབ་ལས་གཏོད་དང་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱས་ནས། ནུས་པ་གང་ཡོད་འདོན་པ་དང་། ཡོན་ཏན་ཅི་ཡོད་སྤྱོད་པ། མི་བརྒྱ་སེམས་གཅིག ཡར་རྒྱས་བརྩོན་ལེན་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་བྱེད་དགོས།
ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་འཐབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།