ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་པེ་ཅིང་ཕོ་བྲང་རྙིང་པའི་འགྲེམ་སྟོན་འདིར་གཟིགས་པ།

སྤེལ་དུས 2025-10-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        པེ་ཅིང་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་བཙུགས་ནས་ལོ་ངོ་100འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་27ཉིན་གྱི་སྔ་དྲོ་པེ་ཅིང་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས། ལོ་བརྒྱའི་སྲུང་སྐྱོང་སྟེ། ཙེ་ཅིན་མཁར་ནས་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་བར་ཞེས་པའི་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ་རེད། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་འགྲེམ་སྟོན་ལ་གཟིགས་སྐོར་གནང་བར་ཕེབས་ཡོད། 
        སྔ་དྲོའི་ཆུ་ཚོད་10པར། ཞི་ཅིན་ཕིང་སོགས་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ཤིང་། སྔ་རྗེས་སུ་ཝུ་མོན་སྒོ་མོའི་ཡན་ཁྲེ་ཐོག་ཁང་ནུབ་མའི་འགྲེམ་ཁང་དང་། ཐོག་ཁང་དབུས་མའི་འགྲེམ་ཁང་། ཡན་ཁྲེ་ཐོག་ཁང་ཤར་མའི་འགྲེམ་ཁང་བཅས་སུ་འགྲེམ་སྟོན་ལ་གཟིགས་ཡོད། འགྲེམ་སྟོན་དེ་རྒྱུན་གཅིག་རིག་མཛོད་ཅེས་པ་དང་། ལོ་བརྒྱའི་རྒྱུན་འཛིན་ཞེས་པ། འཕེལ་འགྱུར་སྣ་ཚོགས་ཞེས་པ་བཅས་ས་བཅད་གསུམ་ལ་དབྱེ་ཡོད་པ་དང་། རྩ་ཆེའི་རིག་དངོས་དང་ཡིག་ཚགས་200ཡི་ཐོག་ནས་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་གི་ལོ་བརྒྱའི་འཕེལ་རིམ་དང་འཛུགས་སྐྲུན་གྲུབ་འབྲས་མངོན་པར་བྱས་ཡོད། 
        ཡིག་གཟུགས་བརྩམས་ཆོས་དང་རི་མོ་གྲགས་ཅན་རེ་རེ་དང་། ལི་དང་གཡང་ཊི། དཀར་ཡོལ་སོགས་ཀྱིས་བཟོས་པའི་ཡོ་ཆས་རེ་རེ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་རབ་ཏུ་འཕྲོ་བའི་ལོ་རྒྱུས་དང་གཅིག་རྒྱུན་གཅིག་འཛིན་གྱི་ཤེས་རིག་འཕེལ་རྒྱུན་ལ་དཔང་པོ་བྱས་ཡོད། ཞི་ཅིན་ཕིང་གིས་འགྲེལ་བརྗོད་ལ་ནན་ཏན་གྱིས་གསན་གྱིན། སྐབས་རེ་ཕེབས་མཚམས་བཞག་ནས་ཞིབ་གཟིགས་གནང་བ་དང་། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞུས་ཡོད། ཁོང་གིས། ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་གིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཞི་རྒྱུ་རྒྱུན་འཛིན་བྱེད་བཞིན་ཡོད་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཕོ་བྲང་རྙིང་པར་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དང་ཕོ་བྲང་རྙིང་པའི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་ལ། ཕོ་བྲང་རྙིང་པའི་ལས་དོན་པ་རྣམས་ཀྱི་གཟི་བརྗིད་ལྡན་པའི་འོས་འགན་ཞིག་ཀྱང་ཡིན། འགོ་འཛུགས་ས་གསར་པའི་ཐོག ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་གིས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ཐོག རིག་དངོས་མི་དམངས་ལ་དབང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིག་དངོས་སྲུང་སྐྱོབ་ཉམས་བཟོར་ཤུགས་སྣོན་རྒྱག་པ་དང་། རིག་དངོས་གསོན་ཉམས་དོད་པོས་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས། ཕོ་བྲང་རྙིང་པ་དེ་ཉིད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་དུ་འགྱུར་བར་བྱ་དགོས་པ་དང་། འཛམ་གླིང་གིས་ཀྲུང་ཧྭའི་ཤེས་དཔལ་རྟོག་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རྟོག་པར་བྱེད་པའི་སྐར་ཁུང་གལ་ཆེན་ལ་འགྱུར་བར་བྱ་དགོས་ཞེས་བསྟན་གནང་ཡོད།
        ལི་ཧྲུའུ་ལེ་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་འགྲེམ་སྟོན་ལ་གཟིགས་པར་ཕེབས་ཡོད།